དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསོད་ནམས་ཉི་མས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-11

    ཚེས་9ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཕེབས་ཏེ།“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་དུས་མཚམས་གསུམ་པའི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་ལ་བརྟག་ཞིབ་གནང་བ་དང་། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ། དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་བཞུགས་མོལ་གནང་ནས་དགོན་སྡེའི་དོ་དམ་སྐོར་གྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    བསོད་ནམས་ཉི་མས་ཆོས་ལུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ་ནི་རང་ལྗོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་རེད་ལ། ཉེན་ཁ་དང་འགྲན་སློང་ཚབས་ཆེན་ལ་ཁ་གཏད་གཅོག་པའི་བྱེད་ཐབས་ཤིག་ཀྱང་རེད། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ནས་ལག་བསྟར་བྱེད་པ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    བསོད་ནམས་ཉི་མས། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ཀྱི་ལས་དོན་ཁག་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་ཕྱོགས་སུ་སྤེལ་ཐུབ་པར་འགན་ལེན་བྱེད་དགོས་པ་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་ནན་ཏན་འཁུར་བ། སློབ་གསོ་དང་། ཞབས་ཞུ། དོ་དམ་སོགས་ཀྱི་ཐད་ཏན་ཏིག་ཞིབ་ཚགས་བྱེད་པ། རྒྱ་ཆེའི་དགེ་འདུན་པ་ཚོར“ཚད་གཞི་བཞིར”བརྩི་སྲུང་དང་ལག་ལེན་བསྟར་བ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟབ་ཏུ་ཏན་ཏིག་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་སྣ་ཚོགས་དང་འགན་ལེན་དོན་འཁྱོལ་ནན་པོ་བྱེད་པ། སྙིང་རུས་གཏན་འཁྱོངས་དང་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།