མཛེས་ལྡན་གྲོང་གསེབ་བསྐྲུན། འབྱུང་འཕྲོད་འཚོ་བར་རོལ།
འདི་ནི་གྲལ་སྟར་འགྲིག་པའི་ལྗང་གྲོང་ཚོའི་སྡོད་ཁང་ཡིན་པ།
འདི་ནི་སྐྱིད་སྣང་དོད་པའི་ལྗང་གྲོང་ཚོའི་རྒན་རྒོན་ཡིན་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམངས་སེམས་འདུ་འགོད་ཅིག་ལ་བརྩིས་ནས་མ་དངུལ་དང་སྐུལ་འདེད་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་། མ་དངུལ་སྒོར་ཁྲི་4400ལྷག་ཙམ་བཏང་ནས“ལྗང་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལས་གྲྭ”ལག་ལེན་བསྟར་བ་རེད། དེའི་ནང་། རྫོང་རིམ་པས་མ་དངུལ་སྒོར་ཁྲི་2300བཏང་བ་དེ་དག་གཙོ་བོ་ཆུ་འབུད་འཛུགས་སྐྲུན་དང་། རིག་གནས་ཐང་ཆེན་འཛུགས་སྐྲུན། བཙོག་ཆུ་གཙང་གསིང་བཟོ་གྲྭ་འཛུགས་སྐྲུན་བཅས་ལ་བཏང་བ་དང་། མང་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་1300རང་གྲབས་བྱས་པ་དེ་དག་གཙོ་བོ་རང་ཁྱིམ་གྱི་སྒོ་ར་དང་ཐབ་ཚང་སྒྱུར་བཀོད་དང་། གསང་སྤྱོད། སྒོ་མདུན་ཁང་རྒྱབ་སོགས་ཀྱི་སྔོ་འགྱུར། ས་ཁོད་སྙོམས་པ་སོགས་ལ་སྤྱད་པ། གྲོང་ཚོའི་མཉམ་སྡེབ་ཀྱིས་སྒོར་ཁྲི་700ལྷག་ཙམ་བཏང་བ་དེས་གྲོང་ཚོ་དང་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་ལམ་རྒྱུད་ཀྱི་སྔོ་འགྱུར་དང་། རླངས་འཁོར་འཇོག་ས་དང་ཨར་འདམ་ལམ་སོགས་ལ་བཏང་བ་རེད།
ད་ཆ། གནམ་ཤང་ལྗང་གྲོང་ཚོར་སྐྱོད་སྐབས། འགྲོ་ལམ་རྒྱུད་དུ། ཉི་ནུས་གློག་སྒྲོན་དང་། ཆུ་འབུད་མདོང་ལམ། གད་སྙིགས་རིགས་དབྱེ་སྒམ་སོགས་རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་གང་སར་མཐོང་རྒྱུ་ཡོད་ལ་ངོ་མཚར་ཆེ་བའི་རིག་གནས་གྱང་གིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པ་དང་གྲོང་མི་ཚོའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་བདེ་སྡོད་ལས་བརྩོན་གྱི་གྲོང་གསེབ་ཀྱི་རྣམ་པ་ཞིག་ངང་གིས་མངོན།