མལ་གྲོ་གུང་དཀར་རྫོང་མེ་ཟོན་རོཊ་སྐྱོབ་རུ་ཆེན་གྱིས་སྡེ་ཚན་མང་པོ་དང་མཉམ་འགུལ་བྱས་ཏེ།
གློག་སྒུལ་སྦག་སྦག་སྒྲིག་འགལ་ངང་འཇོག་པ་དང་། གློག་གསོག་པ། ཁྲིམས་འགལ་སྒྱུར་བཟོ་བཅས་ལ་བཅོས་སྒྲིག་བྱས་པ།
གློག་སྒུལ་སྦག་སྦག་གི་མེ་སྐྱོན་སྔོན་འགོག་ཏན་ཏིག་བྱེད་པ་དང་། གློག་སྒུལ་སྦག་སྦག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོ་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ། གློག་སྒུལ་སྦག་སྦག་སྒྲིག་འགལ་ངང་འཇོག་པ་དང་། གློག་གསོག་པ། ཁྲིམས་འགལ་སྒྱུར་བཟོ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཁྱེར་ལྟ་སྐུལ། བདེ་འཇགས་སྲུང་སྐྱོང་སོགས་སྡེ་ཚན་དང་མཉམ་དུ་དུས་ཡུན་ཟླ་བ་གཅིག་གི་གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་གཅིག་སྡུད་ཞིབ་བཤེར་བྱ་སྤྱོད་སྤེལ་བ་རེད།
ཞིབ་བཤེར་ཚོགས་ཆུང་གིས“ཁྲིམས་སྒྱུར་བྱེད་ཞོར་དུ་གཙང་སེལ་དང་། བཅོས་སྒྲིག དྲིལ་བསྒྲགས་བཅས་བྱེད་པའི”རྩ་དོན་མཐའ་འཁྱོངས་ཀྱིས་ཁ་ཏ་སློབ་སྟོན་གཙོ་བོ་དང་ཞིབ་བཤེར་ཐག་གཅོད་ཞོར་དུ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཁུལ་ཆུང་གི་ཚན་པའི་ཁ་འགྲེམས་བྱེད་ས་དང་། རྡོ་སྐས་ཀྱི་མཐའ་འཁོར། བདེ་འཇགས་ཐོན་སྒོ་སོགས་སུ་གློག་སྒུལ་སྦག་སྦག་སྒྲིག་འགལ་ངང་འཇོག་པ་དང་གློག་གསོག་པ་དང་། མེ་ཟོན་དབྱེ་འབྱེད་དོན་འཁྱོལ་མ་བྱས་པ་དང་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་མ་བྱས་པ་སོགས་མེ་ཟོན་བདེ་འཇགས་ཀྱི་ཆ་རྐྱེན་མ་འཛོམས་པའི་སྐྲུན་དངོས་དབར་གྱི་སྟོང་ཆ་ཡོད་སར་གློག་སྒུལ་སྦག་སྦག་འཇོག་པ་དང་གློག་གསོག་པ། གློག་སྒུལ་སྦག་སྦག་གིས་ཁ་འགྲེམས་བྱེད་ས་དང་བདེ་འཇགས་ཐོན་སྒོ་བཀག་པ་དང་། སྒྲིག་འགལ་ངང“ཁང་པའི་ནང་དུ་འཇོག་པ” “གློག་སྐུད་འཐེན་ནས་གློག་གསོག་པ” རང་བསྐྲུན་ཁང་པ་དང་། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་སོགས་ཀྱི་སྒོ་འགྲམ་དུ་སྒྲིག་འགལ་ངང་གློག་སྒུལ་སྦག་སྦག་འཇོག་པ་དང་གློག་གསོག་པ། གློག་སྒུལ་སྦག་སྦག་གི་བཟོ་གྲྭའི་གློག་གསོག་ལྷུ་ལག་རང་དགར་སྒྱུར་བཟོ་བྱེད་པ། མྱུར་ཚད་ཚོད་འཛིན་ཡོ་ཆས་སྒྱུར་བཟོ། གསོག་ནུས་གློག་སྒམ་སྒྱུར་བཟོ། ཤོང་ཚད་ཆེ་བའི་གསོག་ནུས་གློག་རྫས་བརྗེ་བ་སོགས་སྒྲིག་འགལ་གྱི་བྱེད་སྤྱོད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱེད་རིང་། ཞིབ་བཤེར་ཚོགས་ཆུང་གིས“དྲིལ་བསྒྲགས་དང་ཁྲིམས་སྒྱུར”ཟུང་འབྲེལ་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས་མང་ཚོགས་ལ་མེ་སྐྱོན་གྱི་ཉེན་ཁ་དང་། ལས་འཛོལ་གྱི་གནོད་འཚེ། སྒྲིག་འགལ་ངང་གློག་གསོག་པ་སོགས་ཀྱིས་ལས་འཛོལ་ཐོན་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་དང་སྐྱིན་ཚབ་འཇལ་བའི་འགན་འཁྲིར་འགྲེལ་བཤད་གསལ་པོ་བརྒྱབ་པས། མང་ཚོགས་ཀྱིས་བསམ་ཤེས་བྱས་ནས་གཞོགས་འདེགས་ཐོབ་ཡོད། ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་སྒྲིག་སྲོལ་དང་འགལ་ནས་གློག་གསོག་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་མ་ཐག་མང་ཚོགས་ལ་འཕྲལ་དུ་རང་འགུལ་ངང་དག་ཐེར་དང་གཙང་སེལ་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད། “གློག་སྐུད་ཁྲིད་ནས་གློག་གསོག་པའི”བྱེད་སྤྱོད་ལ་ཁ་ཏ་ཡང་ཡང་བྱས་ཀྱང་སྒྱུར་བཅོས་མི་གཏོང་བ་དང་། རང་མཚམས་ཀྱིས་གློག་སྒུལ་སྦག་སྦག་གི་བཟོ་གྲྭའི་གློག་གསོག་ལྷུ་ལག་རང་དགར་སྒྱུར་བཟོ་བྱེད་པ། མྱུར་ཚད་ཚོད་འཛིན་ཡོ་ཆས་སྒྱུར་བཟོ། གསོག་ནུས་གློག་སྒམ་སྒྱུར་བཟོ། ཤོང་ཚད་ཆེ་བའི་གསོག་ནུས་གློག་རྫས་བརྗེ་བ་སོགས་ཁྲིམས་དང་སྒྲིག་སྲོལ་ལས་འགལ་བའི་བྱེད་སྤྱོད་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཡོད། ད་ཐེངས་ཞིབ་བཤེར་བྱས་པ་བརྒྱུད། གྲོང་མི་མང་ཚོགས་ཀྱིས་གློག་སྒུལ་སྦག་སྦག་ཚད་ལྡན་ངང་སྤྱོད་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་ཉིད་འགོག་སྲུང་གི་འཇོན་ཐང་ཆེ་རུ་ཏན་ཏིག་ཕྱིན་ནས་གློག་སྒུལ་སྦག་སྦག་སྒྲིག་འགལ་ངང་འཇོག་པ་དང་གློག་གསོག་པ་སོགས་ལས་མེ་སྐྱོན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ཡོད།