དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས།

    བཟའ་བཏུང་ལས་རིགས་ཀྱི་རིན་གོང་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-10

    “འཛད་སྤྱོད་གསལ་པོ་ཤེས་པ་དང་བློ་བདེ་པོས་འཛད་སྤྱོད་བྱེད་པའི”བཟའ་བཏུང་ཞབས་ཞུའི་འཛད་སྤྱོད་ཁོར་ཡུག་སྔར་བས་ཡག་ཏུ་གཏོང་བ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《བཟའ་བཏུང་ལས་རིགས་ཀྱིས་བཟའ་བཏུང་ཡོ་བྱད་མཁོ་སྤྲོད་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་ཇུས་གཞི》བཀྲམ་པ་དང་འབྲེལ་ཆེད་དོན་ཚན་ཁག་ཀྱང་བཙུགས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གནད་ལ་འཁེལ་པོས་འཚོལ་བ་དང་ཆེད་དོན་ཅན་གྱི་སྒོ་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།

    དྲིལ་བསྒྲགས་མཛུབ་སྟོན་བྱས་ནས་གཉེར་སྐྱོང་བྱེད་སྤྱོད་ཚད་ལྡན་དུ་བཏང་ཞིང་། ཞབས་ཞུ་ཚད་ལྡན་དུ་གཏོང་བ་དམིགས་ཡུལ་དུ་བཟུང་ནས་བཟའ་བཏུང་ཚན་པས་གྲོན་བསྡུའི་བཟའ་བཏུང་ཡོ་ཆས་ཀྱི་རིན་གོང་གསལ་འགོད་ཁྱོན་ཡོངས་ལ་ཁྱབ་པར་དྲིལ་བསྒྲགས་མཛུབ་ཁྲིད་བྱས་པ་རེད། ལྷ་ས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་བཟའ་བཏུང་ཚན་པར་རིམ་པ་དང་རིགས་ཕྱེ་ནས་དུས་འགོའི་མཐིལ་རྟོགས་བྱས་ཏེ་ཐབས་ལམ་སྣ་མང་ལ་བརྟེན་ནས《བཟའ་བཏུང་ལས་རིགས་ཀྱི་རིན་གོང་གསལ་འགོད་སྐོར་གྱི་དྲན་སྐུལ་བསླབ་བྱ་གཏོང་བའི་ཡི་གེ》བཀྲམ་པ་དང་། ད་དུང་རིན་གོང་འཁོད་པའི་བྱང་བུ་2000ལྷག་ཙམ་དང་དྲིལ་བསྒྲགས་ལག་དེབ་500ལྷག་ཙམ་རིན་མེད་དུ་སྤྲད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཆེད་དོན་མཛུབ་ཁྲིད་བྱས་པ་རེད། གཉེར་སྐྱོང་བྱེད་པོ་200ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་རིན་གོང་བྱ་སྤྱོད་ཀྱི་སྲིད་འཛིན་མཛུབ་ཁྲིད་གསོ་སྦྱོང་བྱས་ཏེ་གཉེར་སྐྱོང་པར་རིན་གོང་གསལ་འགོད་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། ཚོང་ཟོག་གི་རིན་གོང་འཁོད་པའི་བྱང་བུ་དང་རིན་གོང་རེའུ་མིག་སྤྱད་དེ། ཚལ་དང་ཏན་ཞིམ་སོགས་ཀྱི་རིན་གོང་མི་དམངས་ཤོག་སྒོར་ག་ཚོད་ཐོབ་མིན་ཨ་རབ་ཀྱི་གྲངས་ཀ་གསལ་པོ་འབྲི་དགོས་པ། མཚོ་ཟས་རིགས་ཀྱི་རིན་གོང་ཉིན་དེ་རང་གི་རིན་གོང་གསལ་པོ་འགོད་པ་ལས་འོབས་ཚོད་འགོད་མི་ཆོག བཟའ་བཏུང་ཡོ་བྱད་དང་། གཙང་ཤོག སྟབས་ཟས་བཅས་ལ་རིན་གོང་སྤྲོད་དགོས་ཚེ་ངེས་པར་དུ་སྐུ་མགྲོན་ལ་གདམ་ག་བྱེད་དབང་ཡོད་དགོས་ལ། བཀོད་པའི་རིན་གོང་དང་གྲོན་བསྡུའི་ཚད་གཞི་བཅས་གསལ་པོར་ཤོད་དགོས། ཁ་ལག་དང་། ཐ་མག་དང་ཨ་རག བཟའ་བཏུང་ཞབས་ཞུ་བཅས་ལ་རིན་གོང་ཐོལ་པ་སྤྲོད་དགོས་ཚེ་བྱང་བུ་དང་རིན་གོང་རེའུ་མིག་ཐོག་གསལ་པོ་འགོད་པ་ལས་འོབས་ཚོད་བྱེད་མི་རུང་བ། རིན་གོང་ཆག་ཡང་དང་གཟིགས་སྐྱོང་ལ་ཁ་གཡར་ནས་འཛད་སྤྱོད་པར་བསླུ་བྲིད་བྱེད་མི་རུང་བ་བཅས་ཀྱི་ཁ་ཏ་བསླབ་བྱ་བྱས་ཡོད།

    ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཞིང་། ཆེད་དོན་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཏུང་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས་གྲོན་བསྡུའི་བཟའ་བཏུང་ཡོ་བྱད་ཀྱི་རིན་གོང་གསལ་འགོད་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དུས་ཡུན་ཉིན་གཉིས་བྱས་ཏེ་ཁྱོན་ཚོང་དུད་40ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་གསོ་སྦྱོང་དང་ཁ་ཏ་བསླབ་བྱ་བྱས་ཀྱང་བཅོས་སྒྲིག་མ་བྱས་པའི་བཟའ་བཏུང་ཚོངདུད་3ལ་རང་སར་སྲིད་འཛིན་ཆད་པ་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།