བཀོད་འདོམས་ཡག་པོ་བྱས། འཆམ་མཐུན་རོལ་དབྱངས་དཀྲོལ།
—— ལྷུན་གྲུབ་རྫོང་གི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།
“ངའི་ཞིང་ནང་གི་རྩྭ་གྲོང་པའི་བ་ཕྱུགས་ཀྱིས་ཟ་གི་འདུག རྟག་ཏུ་དེ་ལྟར་བྱས་ན་ཁོང་ཚོའི་བ་ཕྱུགས་གྲོད་པ་རྒྱགས་ཀྱང་ངའི་བ་ཕྱུགས་ད་ལོའི་དགུན་ཁ་ཇི་ལྟར་སྒྲོལ་་་དགོས་སམ” ཉེ་ཆར། ལྷུན་གྲུབ་རྫོང་བྱང་ཁ་ཤང་གི་གྲོང་མི་བཀྲ་ཤིས་བྲེལ་འཚུབ་ངང“སེམས་འབྲེལ་ཇ་ཁང”དུ་ཁྲིམས་འཛིན་མི་སྣར་འདུམ་འགྲིག་བྱ་རྒྱུའི་རེ་བ་ཞུ་བར་ཡོང་། ཇ་ཁང་དུ་སླེབས་མ་ཐག་བཀྲ་ཤིས་ཀྱིས“ཆུང་བདག་ཁྱིམ་གྱི་བ་ཕྱུགས་ཀྱིས་ངའི་ཞིང་ནང་གི་རྩྭ་ཟ་གི་འདུག དེ་རིང་ང་དངོས་གནས་འུ་ཐུག་ཐབས་ཟད་ངང་འདིར་འགལ་བ་འདུམ་འགྲིག་བྱ་རྒྱུའི་རེ་བ་ཞུ་བར་ཡོང་བ་ཡིན་པས། ཁྱེད་ཚོས་ཐག་གཅོད་དྲང་གཞག་གནང་རོགས”ཞེས་བཤད།
འདྲི་རྩད་བྱས་པ་བརྒྱུད། མཉམ་འབྲེལ་འདུམ་འགྲིག་ལྟེ་གནས་ཁྲིམས་འཛིན་སུའོ་དང་ཤང་མངཊ་གཏོང་ཁང་གི་འབྲེལ་ཡོད་མི་སྣས་གནད་དོན་འབྱུང་རྩ་ཤེས་རྟོགས་བྱས་རྗེས་འཆམ་མཐུན་རྩ་བར་འཛིན་པའི་རྩ་དོན་གཞིར་བཟུང་། འདུམ་འགྲིག་ལས་དོན་ཞིབ་ཚགས་ངང་སྤེལ་ནས། གནས་ཚུལ་དང་། གནས་ལུགས། བཅའ་ཁྲིམས་སོགས་ཐད་ནས་ཕྱོགས་གཉིས་ཀར་ཁ་ཏ་བསླབ་བྱ་བྱས། ཆུ་ཚོད་5ལྷག་ཙམ་འདུམ་འགྲིག་དང་སེམས་གསོ་བཏང་བ་བརྒྱུད་མཐར་ཕྱོགས་གཉིས་ཀས་གྲོས་མཐུན་བྱུང་བ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་1245པའི་གཏན་འབེབས་གཞིར་བཟུང་། ཆུང་བདག་གིས་བཀྲ་ཤིས་ཀྱི་དཔལ་འབྱོར་གྱོང་གུན་གསབ་སྟེ། སླད་ཕྱིན་སོ་སོའི་བ་ཕྱུགས་ཡག་པོ་བལྟས་ནས་གནས་ཚུལ་དེ་རིགས་མི་ཐོན་པའི་ཁས་བླངས་པ་རེད། བ་ཕྱུགས་ཀྱིས་གཞན་གྱི་ཞིང་ནང་གི་རྩྭ་བཟས་པའི་འགལ་བ་དང་རྩོད་གཞི་དེ་འདུམ་འགྲིག་ཡག་པོ་ཐུབ་ནས། ཁྱིམ་མཚེས་དབར་འཆམ་མཐུན་སླར་གསོ་བྱུང་ཡོད།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དམངས་ཆེད་ཁྲིམས་སྐྱོང་འདུ་ཤེས་ལག་ལེན་ནན་ཏན་བསྟར་ཆེད། ལྷུན་གྲུབ་རྫོང་གི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཁྲོད་ཀྱི་ཁྲིམས་སྐྱོང་གི“བཀོད་འདོམས་དབྱུག་པའི”ནུས་པ་གང་ལེགས་བཏོན་ནས་སྟོབས་ཤུགས་མང་པོའི་སྣེ་ཁྲིད་དེ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི“འཆམ་མཐུན་རོལ་དབྱངས”དཀྲོལ་ཡོད།
གཏུག་བཤེར་གྱི་འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྩོད་གཞི་འདུམ་འགྲིག་གི་འཇོན་ནུས་ཆེ་རུ་བཏང་ཞིང་། 《ལྷུན་གྲུབ་རྫོང་གི་འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་ལམ་སྲོལ》དོན་འཁྱོལ་ནན་པོ་བྱས་ནས“དམ་འཛིན་གཉིས་དང་མཐོར་གཏོང་གཉིས”ཀྱི་ལས་དོན་སྒྲུབ་སྟངས་མཐའ་འཁྱོངས་ཀྱིས་གཏུག་བཤེར་མིན་པའི་འདུམ་འགྲིག་ལམ་སྲོལ་སྔོན་ལ་འཇོག་པར་མཐོང་ཆེན་དང་། “དྲ་བ་གཅིག་གསར་པ་གཉིས་སྟོབས་ཆེར་གཏོང་བ་གསུམ”དང“འཕྲད་པ་བཞིའི”འདུམ་འགྲིག་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས“དཔོན་བཞི་མཉམ་བཞུགས”ཚོགས་འདུ་དང“འདུམ་འགྲིག་གསུམ་མཉམ་འགུལ”གྱི་ལམ་སྲོལ་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་ལྟེ་གནས་ཕྱོགས་ཡོངས་ནས་བསྐྲུན་པ། བྱང་ཁ་ཤང་གི“སེམས་འབྲེལ་ཇ་ཁང”དང་ཁ་ཡུག་གྲོང་ཚོའི“དུད་འབྲེལ་མཚོ་ཁུག”སོགས་འདུམ་འགྲིག་གཡུལ་ས་ལེགས་སུ་བཏང་བ། དྲ་མིག་སྟོབས་ཤུགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི“འདུམ་འགྲིག་དྲ་བ་ཆེན་པོ”རྒྱུན་མཐུད་ལེགས་སུ་བཏང་ཡོད། འདི་ལོ་ཚུན་དུ། གསུམ་འཕྲེང་ཤང་ཅིན་དབྱང་ཤིང་འབྲས་ལས་རིགས་ཀྱི་དཀའ་གནད་གྱོད་གཞི་ཐག་གཅོད་ཡག་པོ་བྱས་ནས་ཞིང་པ་ལས་མི་563ལ་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་600ལྷག་ཙམ་སྤྲད་ཡོད། རྫོང་ཡོངས་ཀྱིས་ཞུ་གཏུག་མ་བྱས་གོང་འདུམ་འགྲིག་བྱེད་པར་མངགས་པའི་གྱོད་གཞི་299བདག་སྤྲོད་བྱས་པར་འདུམ་འགྲིག་ལེགས་འགྲུབ་བྱུང་ཚད་99.7%ཟིན་པ་དང་། དམངས་དོན་དང་ཚོང་དོན་རྩོད་གཞི་432བདག་སྤྲོད་བྱས་པར་འདུམ་འགྲིག་ཕྱིར་འཐེན་བྱེད་ཚད་83.8%ཟིན་ཡོད།
གྱོད་སྒྲུབ་ཀྱི་སྤུས་ཚད་དམ་འཛིན་ནན་པོ་བྱས་ནས་ཁྲིམས་འཛིན་སྤྱི་མོས་ཐོབ་ཤུགས་མཐོ་རུ་བཏང་ཞིང་། རྩ་འཛུགས་ཀྱི་འགན་ལེན་དང་ལམ་སྲོལ་འཛུགས་སྐྱོང་སོགས་གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་ནས་གནད་སྨིན་ཤུགས་འདོན་གྱིས་གྱོད་གཞི་སྒྲུབ་སྐབས་དཀའ་སླ་དབྱེ་བ་དང་། ལྕི་ཡང་དབྱེ་བ། མྱུར་དལ་དབྱེ་བ་བཅས་ལ་སྐུལ་འདེད་བཏང་ནས་ཁྲིམས་འཛིན་ཐོན་ཁུངས་དང་མང་ཚོགས་ཀྱི་གཏུག་བཤེར་གྱི་དཀའ་ངལ་ཆུང་དུ་བཏང་ཡོད། “ཁྲིམས་བསྟར་ལ་སྐུལ་འདེད”གཏོང་བའི་ཆེད་དོན་བྱེད་སྒོ་དང་གྱོད་གཞིའི་སྤུས་ཚད་དཔྱད་ཞིབ་བྱས་ཏེ་གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་དང་ཕན་འབྲས་ལ་བརྟེན་ནས་ཁྲིམས་འཛིན་སྤྱི་མོས་ཀྱི་མཐོ་ས་བཏོད་ཡོད། འདི་ལོ་ཚུན། རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་དོན་གྱོད་གཞི་9བདག་སྤྲོད་བྱས་པ་དང་། རྫོང་ཞིབ་དཔྱོད་ཁང་གིས་ཉེས་དོན་ཞིབ་དཔྱོད་གྱོད་གཞི་5སྒྲུབ་གཉེར་བྱས་པ། རྫོང་ཁྲིམས་ཁང་གིས་ཉེས་དོན་གྱོད་གཞི་4བདག་སྤྲོད་བྱས་པ། གྱོད་གཞི་3ཞིབ་གཅོད་མཇུག་འགྲིལ་བྱས་ཡོད། རྫོང་སྤྱི་བདེ་ཅུས་ཀྱིས་བདེ་འཇགས་གྱོད་གཞི་14བདག་སྤྲོད་བྱས་པ་དང་གྱོད་གཞི་10བདག་སྤྲོད་མཇུག་འགྲིལ་བ་དང་། རྫོང་ཞིབ་དཔྱོད་ཁང་གིས་དམངས་དོན་ཞིབ་དཔྱོད་གྱོད་གཞི་24སྒྲུབ་གཉེར་བྱས་པ། རྫོང་ཁྲིམས་ཁང་གིས་དམངས་དོན་དང་ཚོང་དོན་གྱོད་གཞི་432བདག་སྤྲོད་བྱས་པ། གྱོད་གཞི་410ཞིབ་གཅོད་མཇུག་འགྲིལ་བཅས་བྱས་ཡོད།
ཁྲིམས་འཛིན་ཐད་གཟིགས་སྐྱོང་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་བཏང་ཞིང་། རྫོང་ཁྲིམས་འཛིན་ཅུས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་དང་། གཞུང་དཔང་ཁང་། “ལས་བཟོའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས” རྫོང་ཁྲིམས་ཁང་ཞུ་གཏུག་ཞབས་ཞུའི་ལྟེ་གནས། ཤང་དང་གྲོང་རྡལ་གྱི་དམངས་ཕན་ཞུ་གཏུག་ཞབས་ཞུའི་ས་ཚིགས། “ཁྲིམས་དཔོན་ས་ཚིགས”སོགས་གཡུལ་སར་བརྟེན་པ་དང་། “12348”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཁ་པར་ལས་སྟེགས་སྤྱད་དེ་ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། བོད་སྐྱོར་ཁྲིམས་རྩོད་པ། སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བཅས་ཀྱི་ཆེད་ལས་ལེགས་ཆ་བཏོན་ནས། མང་ཚོགས་ལ་བཅའ་ཁྲིམས་བློ་འདྲི་དང་བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཞབས་འདེགས་ཞུས་པ་རེད། འདི་ལོ་ཚུན་དུ། དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་ཁྱོན་བློ་འདྲི་མི་ཐེངས་900ལྷག་ཙམ་བདག་སྤྲོད་བྱས་པ་དང་། ཞུ་བཅར་དུ་ཡོང་མཁན་མང་ཚོགས་མི་ཐེངས་1300ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། ཁྲིམས་འཛིན་རོགས་སྐྱོབ་ཐད་ཀྱི་དམངས་འཚོ་འགན་ལེན་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ནས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཁུངས་སྣེ་རང་འགུལ་ངང་སྔོག་འདོན་བྱས་ཤིང་། འདི་ལོ་ཚུན་དུ། ཁྱོན་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་12བདག་སྤྲོད་བྱས་ནས་རྒྱལ་ཁབ་རོགས་སྐྱོབ་དངུལ་སྒོར་ཁྲི་35ལྷག་ཙམ་སྤྲད་པ་རེད།