བརྩེ་བ་མཚོ་ལས་ཟབ། མཛེས་པའི་ཁྱིམ་གཞིས་སྐྲུན།
—— སྣེ་གདོང་ཆུས་ཐེན་མཱ་ཚོང་རས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་བྱས་པའི་སྐོར་བཀོད་པ།
སྣེ་གདོང་ཆུས་ཐེན་མཱ་ཚོང་རར་སྐྱོད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་དང་སྐད་རིགས་མི་འདྲ་བའི་མི་རིགས་ཁག་གི་ཚོང་པས་ཚོང་གི་ལས་ལ་གཞོལ་བཞིན་ཡོད་པ་དང་། དེ་ལས་ཐུན་མོང་མ་ཡིན་པའི་རྣམ་པ་ཞིག་མངོན། གྱང་ལྡེབས་སུ“མི་རིགས་ཁག་གི་མི་དམངས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”ཞེས་པའི་ཡིག་འབྲུ་ཧ་ཅང་མངོན་གསལ་དོད། ཚོང་རར་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་དང་སྐད་རིགས་མི་འདྲ་ཡང་གང་སར་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་སྐྱིད་སྣང་དོད་པའི་རྣམ་པ་མཐོང་རྒྱུ་ཡོད།
མཐུན་སྒྲིལ་འབད་འཐབ་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད།
ཐེན་མཱ་ཚོང་རའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
ལོ་35ལ་སླེབས་པའི་བོད་རིགས་ཚོང་པ་ཚེ་རིང་དབང་མོ་དང་ཧུའེ་རིགས་ཚོང་པ་མཱ་ཧའེ་ཧྥུའུ་ཡི་སྐོར་ནི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོའི་དཔེ་མཚོན་གྲས་ཤིག་རེད། ཚེ་རིང་དབང་མོ་ཐེན་མཱ་ཚོང་རར་ཐོག་མར་སླེབས་སྐབས་དེ་གར་ཆ་རྒྱུས་མེད་ལ་ལས་གཏོད་ཀྱི་མ་རྩའང་ཕྲན་བུ་ལས་མེད། མཱ་ཧའེ་ཧྥུའུ་ཡིས་ཁོ་མོའི་གནས་ཚུལ་ཤེས་རྗེས་རང་འགུལ་ངང་རོགས་རམ་བྱས་ཏེ་རང་ཉིད་ཀྱི་ཁྲོམ་བཀྱག་ཁོ་མོར་གཡར་བ་མ་ཟད། ད་དུང་རང་ཉིད་ཀྱི་ཚོང་གཉེར་ཉམས་མྱོང་སྦ་གསང་མེད་པར་ཁོ་མོར་བསླབས། མཱ་ཧའེ་ཧྥུའུ་ཡི་རོགས་རམ་འོག་ཚེ་རིང་དབང་མོའི་ཚོང་རིམ་བཞིན་ཡག་ཏུ་སོང་ནས་ད་ཆ་གཞི་ཁྱོན་ཅུང་ཆེ་བའི་ཚོང་ཁང་ཞིག་བཙུགས་ཡོད་པ་རེད།
ཐེན་མཱ་ཚོང་རས་ཐོག་མཐའ་བར་གསུམ་དུ“མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ལམ་བུར་སྐྱོད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་བའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་ཤིན་ཅང་དང་། ཀན་སུའུ། མཚོ་སྔོན་བཅས་དང་དེ་བཞིན་མཐའ་འཁོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་དུད་512ཁྲོམ་རར་ལས་ཞུགས་དང་ལས་གཏོད་བྱེད་པར་ཡོང་བའི་ཡིད་དབང་བཀུག་ནས་རིམ་རྩིས་བྱས་ན་མི་2000ལྷག་ཙམ་ལས་ཞུགས་ཐུབ་པ་དང་། ལོ་ལྟར་ས་གནས་དེ་གའི་མང་ཚོགས་ལ་ས་ཞིང་གི་བོགས་གླ་ཁྲི་280ལྷག་ཙམ་བགོས་ཡོད། སྔ་རྗེས་སུ་སྣེ་གདོང་ཆུས་ཡར་སྟོད་ཤང་ཚེ་སྤོང་གྲོང་ཚོ་དང་། གྲི་ནང་གྲོང་ཚོ། ཆོས་སྡེ་གོང་གྲོང་ཚོ། རི་ཟུར་གྲོང་ཚོ་སོགས་དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་གཏུག་ལམ་སྲོལ་བཙུགས་ཡོད་པ་རེད།
རིག་གནས་སྤེལ་རེས་ཀྱིས་མོས་སེམས་ཟབ་ཏུ་གཏོང་།
“ཐེན་མཱ་ཚོང་རས་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྣང་ཆེན་བྱས་ནས་ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང‘མི་རིགས་མཐུན་སྒྲིལ་དང་རིག་གནས་སྤེལ་རེས’གཞི་རྟེན་དུ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད”ཅེས་ཐེན་མཱ་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་གོ་ལེང་གིས་ངོ་སྤྲོད་བྱས།
ཐེན་མཱ་ཚོང་རས་ལོ་ལྟར“ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་བཅངས་པའི་མོས་སེམས་དང་གཏོགས་སེམས་ཟབ་ཏུ་གཏོང་གི་ཡོད། མཉམ་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དང་། ལྔ་པའི་ཚེས་ལྔའི་དུས་ཆེན། དགུ་པའི་ཚེས་དགུའི་དུས་ཆེན་བཅས་གཏོང་བ་དང་དེ་བཞིན་ཐང་ཆེན་ཞབས་བྲོ་འཁྲབ་པ་དང་། མི་རིགས་རེར་དུས་ཆེན་རེ། མཉམ་དུ་སྐྱེས་སྐར་གཏོང་བ། “མི་རིགས་མཐུན་སྒྲིལ་གྱི་ལྗོན་ཤིང་འཛུགས་པ”སོགས་ཀྱི་བྱ་ཐབས་བརྒྱུད་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་རིག་གནས་ཀྱི་ཉམས་ལེན་མཉམ་སྤྱོད་བྱེད་སྒོར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་དབར་ཕན་ཚུན་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་བས་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་བསམ་པའི་འབྲེལ་ཐག་སྟོབས་ཆེན་ཞིག་ཆགས་ཡོད།
གྲུབ་འབྲས་གཡུར་དུ་ཟ་བ་དང་གཟི་བརྗིད་བསྟུད་མར་ཐོབ་པ།
དར་རྒྱས་ཆེ་བའི་ཚོང་ར་དེར་མི་རིགས་ཁག་གི་ཚོང་པས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་ལས་བྱས་ནས་རོགས་རེས་ཡར་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། ཞི་མཐུན་མཉམ་གནས་ཀྱི་རྣམ་པ་དེ་རིགས་ལ་མི་རིགས་ཁག་གི་ཚོང་པའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་མ་ཟད། ཚོང་རའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལའང་རང་སྐྱོང་ལྗོངས་དང་། ལྷོ་ཁ་གྲོང་ཁྱེར། སྣེ་གདོང་ཆུས་བཅས་རིམ་པ་གསུམ་གྱི་མཚན་སྙན་མང་པོ་ཐོབ་ཡོད།
ཧུའེ་རིགས་ཚོང་པ་ཨ་དབྱི་ཧྲ་ཡིས“ནམ་རྒྱུན་ཚོང་ཁང་དབར་ཕན་ཚུན་རོགས་རམ་བྱེད་པ་ཕུད། ངས་རེ་སྒུག་ཆེ་ཤོས་བྱེད་པ་ནི་དཔྱིད་གསར་དུས་ཆེན་ཡིན”ཞེས་དགོད་འཚེར་འཚེར་ངང་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ་ཁྲོམ་ར་ཡོངས་སུ་དགའ་སྟོན་གྱི་རྣམ་པས་ཁེངས་ནས་ཚོང་པས་གཅིག་རྗེས་གཉིས་མཐུད་ངང་ཚོན་ལྡན་ལྒང་བཞུ་བཀལ་ཏེ་རྟེན་འབྲེལ་གྱི་བྱེད་སྒོ་སྣ་ཚོགས་གྲ་སྒྲིག་བྱེད་ཀྱི་ཡོད། ཚང་མ་མཉམ་དུ་འཛོམས་ནས་ལྒང་བཞུ་འགེལ་བ་དང་། དཔྱིད་གསར་ཆ་ཡིག་སྦྱོར་བ། ལོ་གསར་གནམ་གང་གི་ཟ་མ་གྲ་སྒྲིག་བཅས་བྱས་ཏེ་རང་སོ་སོའི་ཕ་ཡུལ་གྱི་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་ལ་མཉམ་དུ་མྱོང་རོལ་བྱེད་ཀྱི་ཡོད།