དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་ནན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚན་རྩལ་རྣམ་གྲངས་ལ་བརྟེན་ནས་བྱེ་ཐང་དུ་སྔོ་ལྗང་རྩི་ཤིང་བཏབ་པས་དམངས་ལ་འབབ་འཕར་བྱུང་བ།

    ས་མཐོའི་ཞིང་པ་མི་གསར་གྱི་ཕུགས་འདུན་དོན་གཉེར་བྱེད་པའི་རེ་བའི་ཞིང་ས་གཤིན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-10

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲམ་མདའ་གྲོང་ཚོ་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་བྱེ་ཐང་ཁུལ་དུ་གནས་ཡོད། འོན་ཀྱང་དེ་གར་གནས་པའི་ལྗང་མདོག་འབྱུང་ཁུངས་ཀྱི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཐོན་སྐྱེད་རྟེན་གཞིའི་ནང་གི་དྲོད་ཁང་དེ་ནི“བྱེ་ཐང་སྤང་ལྗོངས”ལྟར་གྱུར་ཡོད།

    “ཉེ་ཆར་གནམ་གཤིས་འགྱུར་ལྡོག་ཆེ་བས་དྲོད་ཁང་ནང་གི་དྲོད་ཚད་ལ་ཧ་རེ་ཧུ་རེ་གཏན་ནས་བྱེད་རྒྱུ་མེད”ཚེ་རིང་སྒྲོལ་མས་གློག་བཀོད་གཏོང་སྒམ་གྱི་མདུན་དུ་ཕྱིན་ནས་བཀོལ་སྤྱོད་བྱས་རྗེས་ས་ཆ་མུའུ་15ཟིན་པའི་དྲོད་ཁང་ནང་གི་རླུང་འཁོར་22འགུལ་སྐྱོད་བྱེད་འགོ་ཚུགས་པ་དང་དྲོད་ཁང་གི་སྒེའུ་ཁུང་དང་ཁེབས་རས་ཀྱང་རང་འགུལ་ངང་ཕྱེ་ནས་དྲོད་ཚད་ལྟ་ཞིབ་ཚད་ལེན་རེའུ་མིག་རིམ་བཞིན་ཧྲེ་ཧྲི་ཏུའུ་34ཙམ་དུ་བརྟན་པོར་གནས།

    ཚེ་རིང་སྒྲོལ་མས“ད་ལྟ་མྱུག་རྩའི་ཐོན་འབབ་ལེགས་པའི་སྒང་ཡིན་པས་དྲོད་ཚད་འདི་ཏག་ཏག་རེད”ཅེས་བཤད།

    འདི་ལོ་ཚེ་རིང་སྒྲོལ་མ་ལོ་34ལ་སླེབས་པ་དང་། ཆུང་དུས་ཁྱིམ་ཚང་གི་དཔལ་འབྱོར་འཁོས་ཀ་ཞན་པས་སློབ་ཆུང་མ་ཐོན་གོང་ནས་ཁྱིམ་དུ་ཞིང་ལས་བྱེད་དགོས་བྱུང་ཡོད། “གྲོང་མི་ཚོས་དེ་སྔ་ནས་དང་གྲོ་མ་གཏོགས་འདེབས་མི་ཤེས་པ་མ་ཟད། ཐོན་འབབ་ཀྱང་མཐོ་པོ་མེད་པས་མང་ཆེ་བ་རང་མཁོ་རང་གསོས་ཐུབ་ཙམ་ལས་མེད། ད་ཆ་རྟེན་གཞིའི་ལག་རྩལ་མི་སྣའི་རོགས་ཁྲིད་འོག་ང་ཚོས་ཀྱང་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་ཀྱི་ལག་རྩལ་ཁོང་དུ་ཆུད་ནས་ལག་རྩལ་སྣེ་གཅིག་བྱང་ཆུབ་པར་ཤེས་པས་ཡོང་འབབ་ཀྱང་མི་དམན་པ་ཞིག་ཡོང་གི་འདུག”ཅེས་ཚེ་རིང་སྒྲོལ་མས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    ལྗང་མདོག་འབྱུང་ཁུངས་ཀྱི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཐོན་སྐྱེད་རྟེན་གཞིར་ཚེ་རིང་སྒྲོལ་མ་དང་འདྲ་བའི་གཏན་འཇགས་ལས་མི་ཁྱོན་26ཡོད་པའི་ནང་ནས་མི་11ནི་ས་གནས་དེ་གའི་མང་ཚོགས་ཡིན་པ་དང་། ཁོང་ཚོར་ཟླ་རེར་གླ་ཆ་སྒོར་5000ཡན་ལེན་རྒྱུ་ཡོད་པ་མ་ཟད། ཀུང་སིས་ད་དུང་ཁོང་ཚོར་འགན་བཅོལ་ལྔ་ཉོས་ཡོད་པ་རེད། གཞན་ཡང་རྟེན་གཞིར་ཉིན་རེར་ལས་མི་50ཡན་དགོས་པ་དང་ལས་ཀའི་འཇོན་ཐང་ལ་གཞིགས་ནས་ཉིན་གླ་སྒོར་150ནས་200བར་མི་འདྲ་བ་ལེན་རྒྱུ་ཡོད་པས་མང་ཚོགས་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཡོད།

    དྲོད་ཁང་ཆེན་པོའི་འཁྲིས་སུ་ས་ཆ་སྟོང་པ་ཞིག་ཡོད་པ་དེ་ནི་ས་སློག་བརྒྱབ་མ་ཐག་ཡིན་པ་དང་། འགྱུར་མེད་ཚུལ་ཁྲིམས་ཀྱིས་ལོ་ན་རྒན་པའི་གྲོང་མི་ཁག་གཅིག་ལ་རོགས་པ་བྱས་ནས་འཕྲུལ་ཆས་ལ་བརྟེན་ནས་ཆུ་གཏོང་བཞིན་འདུག ཚ་གདུག་ཇི་ལྟར་ཆེ་ཡང་ཚང་མའི་ལས་ཀ་བྱེད་སེམས་སྔར་བཞིན་ཆེན་པོ་ཡོད།

    འགྱུར་མེད་ཚུལ་ཁྲིམས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཐོན་རྗེས་རྟེན་གཞིར་ལས་ཀ་བྱེད་པར་ཡོང་བ་དང་ཆུ་གློག་ལག་རྩལ་སློབ་སྦྱོང་བྱེད་འགོ་ཚུགས་པ་ནས་འགོ་བཙུགས་ཏེ་ད་ཆ་རང་རྐྱ་འཕེར་བའི་འདེབས་འཛུགས་མཁས་ཅན་ཞིག་ཏུ་གྱུར་ནས་ས་ཞིང་མུའུ་800ཡི་འདེབས་འཛུགས་ལས་ཀའི་འགན་འཁུར་གྱི་ཡོད།

    “ལག་རྩལ་མི་སྣའི་མཛུབ་ཁྲིད་དང་ཡུལ་མི་ཚོ་ཞུགས་པའི་འོག་སྔོན་ཆད་ནོར་ལུག་ལ་རྩྭ་ཡང་ཡག་པོ་ཟ་རྒྱུ་མེད་པའི་ཐང་རྒོད་ནས་ད་ཆ་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་བའི་སྔོ་ལྗང་ཁུལ་དུ་གྱུར་པས། ང་ཚོའི་སེམས་སུ་སྤོབས་པ་ཆེན་པོ་སྐྱེ་གི་འདུག ཆེད་ལས་ཞིང་པ་གསར་པ་ཞིག་བྱས་ནའང་མི་ཚེའི་རིན་ཐང་མངོན་ཐུབ”ཅེས་སྐད་ཆ་ཤོད་ཞོར་དུ་འགྱུར་མེད་ཚུལ་ཁྲིམས་ཆུ་འདྲེན་རླངས་འཁོར་གྱི་རྗེས་སུ་འབྲངས་ནས་ཐག་རིང་གི་ཞིང་ཐང་དུ་བསྐྱོད།

    “ཐོན་ལས་ཀྱི་སྣེ་ཁྲིད་དང་ཚན་རྩལ་གྱི་རོགས་སྐྱོར་ཡོད་པས་ཁོང་ཚོ་ས་མཐོའི‘ཞིང་པ་མི་གསར’ཞིག་ཏུ་གྱུར་ཡོད”ཅེས་གྲ་ནང་རྫོང་ཞིང་ལས་གྲོང་གསེབ་ཅུས་སུ་ལས་ཀ་བྱེད་མཁན་ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གི་ལག་རྩལ་པ་མའོ་ཧྲ་ཧྲ་ཡིས་རྟེན་གཞིར་ལས་ཀ་བྱེད་པའི་ས་གནས་དེ་གའི་ལས་མིར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    ལྗང་མདོག་འབྱུང་ཁུངས་ཀྱི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཐོན་སྐྱེད་རྟེན་གཞི་ནི་ལྷོ་ཁ་གྲོང་ཁྱེར་གྱི་གཙོ་གནད་སྐྱེ་ཁམས་ཞིང་ལས་ཐོན་ལས་རྣམ་གྲངས་ཤིག་རེད། 2019ལོར་སྲིད་ཇུས་ཀྱི་ལྕག་སྐུལ་དང་ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གི་བརྩོན་ལེན་འོག་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་གྲ་ནང་དུ་རྟེན་གཞི་བཙུགས་པ་རེད། ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གིས་ཧུའུ་ནན་གྱི་ལེགས་ཆར་གཞི་ཚུགས་ཏེ་ས་ཁོངས་ལས་བརྒལ་བའི་ཐོན་སློབ་ཞིབ་གསུམ་གྱི་ཚན་རྩལ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ས་གནས་དེ་གའི་གཞི་ཁྱོན་ཅན་གྱི་བྱེ་སའི་སྐྱེ་ལྡན་ཞིང་ལས་དང་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་པ་ལས་སོན་བཟང་ནང་འདྲེན་འདེབས་འཛུགས་བྱས་པའི་སྐྱེ་ལྡན་འདམ་མྱུག་ལ་ཁྲོམ་ར་རྩེར་སོན་གྱི་དགའ་བསུ་ཐོབ་ནས་གཟའ་འཁོར་རེར་ཏུན་2ནས་3བར་མཁའ་ཐོག་སྐྱེལ་འདྲེན་བྱས་ནས་ལྗོངས་ཕྱིའི་ས་ཆ་ཁག་ཏུ་བྲིན་ཁ་རྒྱུག་པོ་ཡོད།

    རྟེན་གཞིའི་འགན་འཁུར་བ་ཡུས་ཡིང་གིས། མིག་སྔར་ལོ་གསུམ་ལྷག་ཙམ་མ་དངུལ་དང་ལག་རྩལ་སོགས་བཏང་བ་བརྒྱུད། ཐོན་རྫས་གཙོ་བོའི་སྐྱེ་ལྡན་འདམ་མྱུག་དུས་བཀག་ལྟར་ཐོན་འབབ་ལེགས་པའི་དུས་མཚམས་སུ་སླེབས་པ་དང་འདི་ལོའི་དུས་ཚིགས་དང་པོར་འདམ་མྱུག་ཕྱིར་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི་380རག་ཡོད། ཁྲོམ་རའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཀྱི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་པ་དང་ཆབས་ཅིག རྟེན་གཞིའི་ཐོན་ནུས་དང་ཕན་འབྲས་ཡུན་རིང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་ཐུབ་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    གསར་འགོད་པས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་སྐབས། རྟེན་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་དང་བྱེ་ཐང་དེའི་དབུས་སུ་གནས་པའི“སྤང་ལྗོངས”ད་དུང་རྒྱ་ཆེར་འགྲོ་བཞིན་ཡོད་པ་མཐོང་བྱུང་། མིག་སྔར་རྟེན་གཞིས་བྱེ་ཐང་མུའུ་1300ལྷག་ཙམ་ལེགས་བཅོས་བྱས་ནས་ལྟེ་བའི་ཁུལ་གྱི་ཚད་གཞི་མཐོ་བའི་ཤེལ་སྒོའི་དྲོད་ཁང་1དང་། མུ་འབྲེལ་གྱི་འགྱིག་ཤོག་སྲབ་མོའི་དྲོད་ཁང་4 མུ་འབྲེལ་གྱི་དྲོད་ཁང་9 དེ་བཞིན་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཐོན་ལས་གླིང་གི་འཁྱག་མཛོད་1བཅས་བསྐྲུན་ཡོད་པ་རེད། གླེང་རིན་ཡོད་པ་ཞིག་ལ་རྟེན་གཞི་བསྐྲུན་པ་ནས་བཟུང་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་3.5སྐུལ་ཁྲིད་ཐུབ་སྟེ་ས་གནས་དེ་གར་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་3000ལྷག་ཙམ་བྱུང་ཡོད་པ་རེད།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལེ་དབར་བརྒྱ་ཡི་བྱེ་ཐང་སྔོ་ཐིང་ཐིང་དུ་འགྱུར་བའི་ཁྲོད་ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གིས“ལྷོ་ཁར་མཁོ་བ”དེ“ཧུའུ་ནན་གྱིས་ནུས་པས་ལྕོགས་ཚོད”ཀྱིས་སྒྲུབ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།