དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-09

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མ་ལག་གི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་པ། ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས། ཏང་གཤིས་མཐོར་གཏོང་དང་། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ཞུན་བརྡར་བཅས་རྒྱུན་གཏན་དང་མཉམ་འདྲེས་དང་གོམས་གཤིས་སུ་འགྱུར་བར་བྱས་ཡོད་པ་རེད།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཁྲོད་ནས་སྒྲིག་ཁྲིམས་ཀྱི་གསོ་བཅུད་བསྡུ་ལེན་བྱེད་པར་མཐོང་ཆེན་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སེམས་རྣལ་དུ་ཕབ་ནས་སྒྲིག་ཁྲིམས་སྦྱོང་བའི་ཁྲོད་ཏང་གཤིས་ཞུན་བརྡར་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། དད་སེམས་ཀྱི་རྨང་གཞི་བརྟན་འཛུགས་དང་། བསམ་པའི་འཚོ་བཅུད་འདང་ངེས་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་བཟུང་བ་བཅས་བྱས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཐན་ཀོན་སན་གྱི་དྲན་གསོ་ཁང་དང་། ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ། རྒྱལ་གཅེས་རིང་ལུགས་སློབ་གསོའི་འགྲེམས་ཁང་། ལྷུན་གྲུབ་ཞིང་ར་སོགས་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཏང་གཤིས་སློབ་གསོ་སྤེལ་བ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་ཞུན་བརྡར་སྤྲས་པ་རེད། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་གིས“ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གི་སྒྲིག་ཁྲིམས་འཛུགས་སྐྱོང”གི་ཆེད་དོན་ཏང་གི་སློབ་ཚན་འཚོགས་ནས་ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་རྒྱུས་ཁྲོད་ཏང་གི་སྒྲིག་ཁྲིམས་སྟོབས་ཤུགས་ཉམས་ལེན་ལ་སློབ་གསོ་ཁྲིད་སྟོན་བྱས་པ་རེད། རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས“སྤྱོད་གཙང་གི་རྨང་གཞི་བརྟན་པོ་བཏིང་ནས་དུས་རབས་གསར་པར་མདུན་ལམ་ཡོད་པའི་ས་གཤིས་རྩད་ཞིབ་ཀྱི་གཞོན་ནུ་ཞིག་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་གཞོན་ནུ་ཏང་ཡོན་དང་གཞོན་ནུ་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ལས་ཀའི་ངར་ཤུགས་འཕེལ་བར་ཁྲིད་སྟོན་བྱས་པ་རེད།

    སྤྱོད་ཚུལ་བཟང་པོ་འཇགས་པར་ཤུགས་སྣོན་བརྒྱབ་ནས་སྤྱོད་བཟང་དྲང་བདེན་གསོ་འཁྱོངས་བྱ་ཆེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་གསར་འཛུགས་གཏོད་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་དག་བཅས་ཀྱི་གཙོ་གནད་ལས་དོན་ལེགས་སྒྲུབ་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཤེས་པ་དང་སྒྲིག་ཁྲིམས་དམ་པའི་ཁྲོད་ཏང་སྲོལ་གཙང་མ་ཡོང་བར་སློབ་གསོ་ཁྲིད་སྟོན་བྱས་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ལས་བྱེད་པས་བྱེད་ཕོད་པ་དང་། ས་གནས་ཀྱིས་མཆོངས་ཕོད་པ། ཁེ་ལས་ཀྱིས་སྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བཅས་ལ་ལྕག་སྐུལ་བྱས་ཏེ་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། མང་ཚོགས“ཉེ་འགྲམ་གྱི་དོན་དག”ལ་དམ་པོར་དམིགས་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་སྡེ་ཁུལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི“གང་བྱུང་དུ་སྒོ་བྱང་འགེལ་བའི”གནད་དོན་གཙང་བཤེར་བྱེད་པ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ལས་དོན་ཁྲོད་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་དང་ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་བཏང་ཡོད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྤྱོད་གཙང་རིག་གནས་དར་སྤེལ་བཏང་ནས་སྤྱོད་གཙང་ཁྱིམ་སྲོལ་གསོ་འཁྱོངས་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཏང་ཡོན་དང་ལས་བྱེད་པར་མི་སྤྱོད་གཙང་དང་། ཧུར་བསྲི་ཁྱིམ་སྐྱོང་། སྤྱོད་གཙང་སྲིད་སྐྱོང་བཅས་བྱེད་པར་ཁྲིད་སྟོན་བྱས་ཡོད་པ་རེད།

    སྒྲིག་ཁྲིམས་ནི་ཏང་གི་བླ་སྲོག་ཡིན་པས། དམ་ཞིང་ནན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་མེད་ན། སྤྱོད་ཚུལ་འཛུགས་སྐྱོང་དང་ཏང་གཤིས་སློབ་གསོ་ཡུན་རིང་སྤེལ་ཐབས་བྲལ། རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ《སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ནས། ལེའུ་རེ་རེ་བཞིན་སྦྱོང་བ་དང་། དོན་དངོས་ཟུང་འབྲེལ་བྱས་ནས་སྦྱོང་བ། གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། སྦྱོང་བརྡར་ལ་བརྟེན་ནས་སློབ་རོགས་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པར་གཞན་གཅུན་གྱི་བླང་བྱ་དེ་ནང་གནས་ཀྱི་དོན་གཉེར་ལ་འགྱུར་བར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་སྐྱོད་པའི”གཞི་རྟེན་ཡག་པོ་སྤྱད་དེ་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་དང་གཞི་རིམ་གྱི་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ནས་ཞིང་ནང་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་སྒོ་ར། དབྱར་རྩྭ་དགུན་འབུ་སྔོག་ས་བཅས་སུ་བསྐྱོད་དེ་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཞིང་འབྲོག་ཏང་ཡོན་ལ《སྲོལ་ཡིག》སྒྲོག་འགྲེལ་བྱས་པ་རེད། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེའི་ཉེན་བརྡའི་འགྱོད་བཤགས་ཟིན་ཐོ》རྩོམ་སྒྲིག་འགྲེམས་སྤེལ་བྱས་ནས། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་བཏང་སྟེ་ཏང་ཡོན་ལས་བྱེད་པར་གཅིག་ཤེས་ཀུན་གྲོལ་དང་བསླབ་བྱར་ལེན་པར་ཁྲིད་སྟོན་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཉེན་བརྡའི་སློབ་གསོའི་ཚོགས་འདུ་འཚོགས་ནས། དཔེ་གཞིར་བརྟེན་ནས་སྤྱོད་ལམ་དང་། སྒྲིག་ཁྲིམས། ཁྲིམས་ལུགས། འགན་འཁྲི་བཅས་གླེང་བ་མ་ཟད། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཉེན་བརྡའི་སློབ་གསོའི་གློག་བརྙན་ལྟ་རུ་བཅུག་པ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་དང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་། སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱིས་རིགས་གཅིག་མཁས་ཅན་གདན་དྲངས་ནས《སྲོལ་ཡིག》གསལ་འགྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པས“སྒྲིག་ཁྲིམས་ཁག་དྲུག”གི་གཙོ་དོན་གྱི་ནང་དོན་དང་གཏན་འབེབས་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་རོགས་རམ་བྱས་ཏེ། རྒྱུན་གཏན་གཏམ་སྤྱོད་ཀྱི་ཚད་འཇལ་སྔར་བས་ཁ་གསལ་བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།