དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས།

    《འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས《འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། ནང་དོན་ཆ་ཚང་གཤམ་གསལ།

    རང་རྒྱལ་དུ་ཕྱོགས་ཡོངས་ནས་འབྲུབ་ཆུ་རྒྱས་པའི་དུས་སྐབས་སུ་སླེབས་ཚུན། ས་ཆ་ཁག་གཅིག་ལ་ཆར་པ་འབབ་ཤུགས་ཆེ་ལ་དུས་ཡུན་རིང་བ་དང་། ས་ཁུལ་ཁག་གཅིག་ལ་ཐན་ཞོད་དང་ས་གཤིས་ཀྱི་གནོད་འཚེ་ཐོན་པ་མ་ཟད། ལྷག་པར་དུ། ཧུའུ་ནན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཤང་ཐོན་པེ་གྲོང་ཚོའི་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུ་ཡི་འཐབ་ས་དང་པོའི་རགས་ཁ་ཤོར་བས་འབྲུབ་འགོག་གི་དུས་བབ་ཛ་དྲག་པོ་ཡོད་པ་རེད། འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ད་ལྟ་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་འབྲེལ་ཡོད་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    གཅིག རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་སྡོད་བྱར་ཤུགས་སྣོན་རྒྱག་པ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ནས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་མིག་སྔའི་འབྲུབ་འགོག་དུས་བབ་ཀྱི་ཛ་དྲག་རང་བཞིན་རིག་པ་དྭངས་གསལ་ངང་ཁོང་དུ་ཆུད་པ་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ་དང་། ཉེན་ཁའི་འདུ་ཤེས་དང་མཐའ་ཚད་བསམ་གཞིག་ལ་སྔར་བས་ཤུགས་སྣོན་རྒྱག་པ། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དང་འགན་འཁྲི་ནན་ཏན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། སྡོད་བྱ་ནན་པོ་སྲུང་བ་དང་། ས་ཁུལ་དེ་གའི་འབྲུབ་ཆུའི་གནས་ཚུལ་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱེད་པ། གཙོ་གནད་ས་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་པ། ཕྱོགས་ཡོངས་ནས་གྲལ་བཤེར་དང་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྔོན་ལ་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཕྲལ་སྡོམ་གྲ་སྒྲིག་གི་ལས་དོན་ཁག་སྔ་སྣུར་དུ་སྒྲུབ་དགོས། རང་དཔེ་གཞན་སྟོན་གྱིས་སྣེ་ཁྲིད་བྱས་ཏེ་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། གནོད་འཚེའི་གནས་ཚུལ་ཚབས་ཆེ་ཤོས་དང་། ཉེན་སེལ་དཀའ་ངལ་ཆེ་ཤོས། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་བཅས་ཀྱི་ས་ཆར་སྐྱོད་པ། ས་གནས་ས་ཐོག་གི་བཀོད་གཏོང་བཀོད་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་གྱི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། ཧུའུ་ནན་སོགས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་འགོ་ཁྲིད་ལས་བྱེད་པ་ཚོས་མགྱོགས་མྱུར་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཉེན་སེལ་རྒུད་སྐྱོབ་ལས་དོན་སྤེལ་བ་དང་། ཆུ་རགས་ལ་སྐོར་ཞིབ་དང་ཉེན་ཁར་བརྟག་དཔྱད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་འཕྲལ་མར་ཐག་གཅོད་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་དང་བཀོད་སྒྲིག་འོས་འཚམ་བྱས་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་བ་དང་སྦྲགས་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས། དེ་དང་ཆབས་ཅིག ཐན་འགོག་དང་གནོད་འཚེ་ཉུང་གཏོང་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་ཐན་ཞོད་སྔོན་འགོག་ནན་པོ་བྱེད་དགོས།

    གཉིས། གནོད་འཚེ་ཕོག་པའི་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་དང་མདུན་དུ་ཤོར་ནས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ནང་ཧུར་ཐག་ཞུགས་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛུགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ཕྱོགས་ཁག་གི་ཐོན་ཁུངས་སྟོབས་ཤུགས་སྤྱི་འདོམས་དང་ཏང་ཡོན་དང་མང་ཚོགས་སྐུལ་སློང་བྱས་ནས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་གྱི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་དགོས། འགོག་ཟོན་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། དྲ་སྦྲེལ་དང་། ལག་ཐོགས་ཁ་པར། གྲོང་གསེབ་ཀྱི་རླུང་འཕྲིན། དྲིལ་བསྒྲགས་ལེ་ཚན་སོགས་སྨྱན་སྦྱོར་གང་ལེགས་སྤྱད་ནས་དུས་ཐོག་དང་། ཆ་ཚང་བ། གནད་ལ་འཁེལ་བ་བཅས་བྱས་ནས་གནོད་འཚེའི་སྔོན་བརྡ་དང་། འགོག་ཟོན་བྱེད་ཐབས། ཁ་གཏད་གཅོག་ཚུལ་སོགས་ཀྱི་ཆ་འཕྲིན་དུད་ཚང་ཚང་མར་དྲིལ་བསྒྲགས་དང་མི་ཚང་མར་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་འདུ་ཤེས་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས། སྔོན་བརྡ་གཏོང་བ་དང་གྲལ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྒྲིག་གཞི་སྒྲིག་སྲོལ་གྱི་ལེགས་ཆ་དང་དྲ་མིག་ཅན་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་པ། ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ནས་སྐོར་ཞིབ་དང་གྲལ་བཤེར་བྱེད་པ། གནོད་འཚེའི་ཉེན་ཁ་ཆེ་བའི་ཆུ་མཛོད་དང་། ཆུ་ཁ་མཐོ་བའི་ཆུ་རགས། ཆུ་ལོག་གནོད་འཚེའི་ཉེན་ཁ་ཆེ་བའི་ཁུལ། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ། གྲོང་ཁྱེར་གྱི་ཞོད་སྐྱོན་ཐོན་སླ་བའི་ཁུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་རྙིང་པ་སོགས་གཙོ་གནད་ཁུལ་ལ་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱེད་པ། དུས་ཐོག་ཏུ་ཉེན་ཁ་དང་གནོད་འཚེའི་གནས་ཚུལ་སྙན་སེང་ཞུ་བ། དུས་ཐོག་ཏུ་ཉེན་ཁ་ཐོན་ཆེ་བའི་ས་ཁོངས་ཀྱི་མང་ཚོགས་གནས་སྤོ་དང་ཉེན་གཡོལ་ཐུབ་པར་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ཏེ་ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོ(སྡེ་ཁུལ)བཅས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དྲ་མིག་ཅན་ལ་བརྟེན་པ་དང་། དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་གནོད་འཚེའི་གནས་ཚུལ་གྲལ་བཤེར་བྱེད་པ། ཉེན་གྱར་མང་ཚོགས་སྐྱོབ་པ། ཐོན་སྐྱེད་དང་འཚོ་བ་སླར་གསོ་བཅས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཟ་མ་དང་། གྱོན་གོས། སྡོད་གནས། འཐུང་ཆུ་གཙང་མ་བཅས་ཡོད་པ་དང་ནད་གཞི་ཕོག་ཚེ་དུས་ཐོག་ཏུ་སྨན་བཅོས་འགན་ལེན་བྱེད་དགོས། ཏང་ཡོན་འཕྲལ་སྡོམ་སྐུལ་སློང་གི་ནུས་པ་འདོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་དང་བླངས་ཞབས་ཞུའི་རུ་ཁག་འཛུགས་པ་དང་། ཏང་ཡོན་གདོང་ལེན་གྱི་ལས་གནས་དང་འགན་འཁྲི་ཁུལ་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་ཚོའི(སྡེ་ཁུལ)ཏང་ཡོན་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་རྒུད་སྐྱོབ་ཉེན་སེལ་བྱེད་པ། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་དང་། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ། དྲ་འབོད་སྡེབ་སྐྱེལ་མཁན། མྱུར་སྐྱེལ་བ་སོགས་ལས་ཞུགས་ཚོགས་སྤྱི་གསར་པའི་ཁྲོད་ཀྱི་ཏང་ཡོན་གྱིས་རང་ཉིད་སོ་སོའི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐག་ཉེ་ས་དང་སྟབས་བདེ་སར་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ནང་ཞུགས་རྒྱུ་སྐུལ་སློང་ཧུར་ཐག་བྱེད་དགོས། གནོད་འཚེའི་གནས་ཚུལ་ཚབས་ཆེ་བའི་ས་ཁུལ་དུ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྲོང་ཚོར(སྡེ་ཁུལ)འབྱོར་ཐོ་འགོད་པ་དང་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་ས་གནས་དེ་གའི་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་རུ་ཁག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྒྲིག་ཁྲིམས་སྔར་བས་ནན་དུ་བཏང་ནས་ནན་པའི་སྒྲིག་ཁྲིམས་དང་ནན་པའི་སྤྱོད་ཚུལ་ལ་བརྟེན་ཏེ་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ལ་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱེད་དགོས།

    གསུམ། རིམ་ཁག་ཏང་ཨུད་རྩ་འཛུགས་སྡེ་ཚན་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་འགན་ནུས་དང་ནུས་པ་གང་ལེགས་བཏོན་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ཁྲོད་ཐེག་པ་འཁུར་ལེན་ལ་ལྕག་སྐུལ་བྱེད་དགོས། འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་དེ་རྡོ་ཀ་ཤུ་ཁ་དང་རྡར་རྡོ་ལྟ་བུར་བརྩིས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་གང་ལེགས་འདོན་པར་སྐུལ་འདེད་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་དང་སྐུལ་སློང་གིས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་གྱི་འཐབ་ས་དང་པོར་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་འགན་འཁྲི་ཁུར་ཕོད་པ་བྱེད་དགོས། འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་གྱི་འཐབ་ས་དང་པོར་ལས་བྱེད་པར་རྟོག་ཞིབ་དང་ཤེས་རྟོགས་བྱས་ཏེ་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ཁྲོད་ཀྱི་རྣམ་འགྱུར་ལས་བྱེད་པར་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་ཤེས་རྟོགས་དང་ཚོད་བགམ་ཐེག་པར་མཛུབ་ཁྲིད་བྱས་ཏེ་རྣམ་འགྱུར་མངོན་གསལ་དོད་པ་དང་ཆ་རྐྱེན་དང་འཚམ་རིགས་དུས་ཐོག་ཏུ་ཏང་ནང་ཞུགས་སུ་འཇུག་དགོས། འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ཁྲོད་ཐོན་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་དཔེ་མཚོན་ཤེས་རྟོགས་དང་། ཕྱོགས་སྡོམ། གཟེངས་བསྟོད་བཅས་བྱེད་པར་མཐོང་ཆེན་བྱས་ནས་ཁོང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་། དཀའ་ངལ་བསུ་བཞིན་མདུན་དུ་སྐྱོད་པ། འབད་འབུངས་ཡར་བརྩོན་བཅས་བྱ་རྒྱུར་ལྕག་སྐུལ་བྱེད་དགོས། འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་གྱི་འཐབ་ས་དང་པོའི་ཏང་ཡོན་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འབྲེལ་ཡོད་ཕྱོགས་དང་མཉམ་དུ་གཞུང་དོན་ཆེད་སྐུ་གཤེགས་པའི་ཏང་ཡོན་དང་ལས་བྱེད་པའི་ནང་མིར་དུས་ཐོག་ཏུ་འཆི་གོད་གྱོང་གསབ་དང་འཚམས་འདྲི་བྱས་ནས་ཁོང་ཚོའི་དཀའ་ངལ་ཐག་གཅོད་བྱེད་དགོས། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་བཏང་བའི་ཀྲུང་དབྱང་གི་དོ་དམ་ཏང་དངུལ་ཡག་པོ་སྤྱོད་དགོས་པ་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ནས་རིམ་པ་དེ་གའི་དོ་དམ་ཏང་དངུལ་ཁྲོད་ནས་ལེ་ལག་ཚང་བའི་མ་དངུལ་དོན་འཁྱོལ་བྱས་ནས་དུས་ཐོག་ཏུ་གཞི་རིམ་ལ་བཏང་སྟེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།

    འབྲུབ་འགོག་བཀོད་འདོམས་དང་། འཕྲལ་སྡོམ་དོ་དམ། ཆུ་བེད་དང་སྤྱི་བདེ། དམངས་སྲིད། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲོད་བསྟེན་རིམས་འགོག ནུས་རྒྱུ་གློག་ཤུགས། འཕྲིན་གཏོང་སོགས་ཚན་པའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་འབྲུབ་ཆུའི་གནོད་འཚེ་ཐོན་མ་ཐག་བྱ་སྤྱོད་སྤེལ་བ་དང་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ནང་ཧུར་ཐག་ཞུགས་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་གྲོས་མོལ་ཞིབ་འཇུག་བརྡར་གཅོད། ཐོན་ཁུངས་བཀོད་སྒྲིག་ནུས་ལྡན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

    གནོད་འཚེ་ཕོག་མེད་པའི་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་རང་འགུལ་ངང་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནོད་འཚེ་ཕོག་ཁུལ་དུ་གེགས་འགོག་རྒུད་སྐྱོབ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་སྤེལ་དགོས།

    གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ཁྲོད་ཀྱི་ལས་དོན་སྒྲུབ་ཚུལ་དུས་ཐོག་ཏུ་ཀྲུང་དབྱང་རྩ་འཛུགས་པུའུ་ལ་སྙན་སེང་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།