དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་འཕེལ་རྒྱས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད།

    —— ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པའི་ཚོགས་ཞུགས་སྐུ་མགྲོན་གྱིས་སྐྱེ་ཁམས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-08

    ཟླ་7ཚེས་3ནས་5ཉིན་བར་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པ་ཉིང་ཁྲིའི་ཀླུ་ནང་དུ་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ཐོག་སྔར་བཞིན“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་འཕེལ་རྒྱས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། “ཉིང་ཁྲིའི་གྲོས་འགོ་དོན་འཁྱོལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”བར་དམིགས་ཏེ། ཚོགས་ཞུགས་སྐུ་མགྲོན་ཚོས་སྐྱེ་ཁམས་ཁོར་ཡུག་དང་འཕེལ་རྒྱས་མཉམ་ལས་སོགས་ཀྱི་དོན་གནད་ལ་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་རེས་བྱས་པ་རེད།

    སྐབས་འདིའི་གླེང་སྟེགས་ཐོག་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་གྲལ་སྒོར་ཚོགས་འདུ་འཚོགས་པ་མ་ཟད། ད་དུང་ཚོགས་ཞུགས་སྐུ་མགྲོན་ཚོས་ཀླུ་ནང་གི་བཀྲ་ཤིས་སྒང་གྲོང་ཚོར་རི་མཐོའི་འབྲོག་རའི་མཛེས་ལྗོངས་ལ་མྱོང་རོལ་དང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་མྱོང་རོལ་བྱས་པ་རེད།

    ནེ་པ་ལའི་འཐུས་མི་ཚོགས་པའི་ཁོངས་མི་པི་ཉི་ཐཱ·ཁུའུ་མཱ་ལི·པའོ་ཏེར་གྱིས“འདི་གའི་ཁོར་ཡུག་ཧ་ཅང་མཛེས་ལ་རི་སྔོ་ལ་ཆུ་དྭངས་བ་དང་མཁའ་རླུང་གཙང་བས་སྐྱིད་སྣང་དོད་པོ་འདུག ཕྱིར་ལོག་རྗེས་ངས་གཉེན་ཉེ་དང་གྲོགས་པོ་ཚོར་ཡུལ་མཆོག་འདི་ངོ་སྤྲོད་བྱེད་ཀྱི་ཡིན། ནེ་པ་ལའི་ཡུལ་སྐོར་བ་དེ་བས་མང་བ་འདི་གར་སྤྲོ་གསེང་ལ་འགྲོ་རྒྱུའི་རེ་བ་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ཉེ་བའི་ལོ་ཤས་རིང་བོད་ཀྱི་སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་ཏུ་ཕྱིན་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོ་ཁོ་ནར་ནགས་བཟོ་མུའུ་ཁྲི་120ལེགས་གྲུབ་བྱུང་བའི་ནང་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་མུའུ་ཁྲི་24ཟིན་པ་དང་། རྩྭ་སྐྱེ་དཀའ་བའི་རྩྭ་ཐང་མུའུ་ཁྲི་614ཉམས་གསོ་བཅོས་སྐྱོང་བྱས་པ། འཁྱགས་རོམ(གངས་འཁྱགས)དང་འཁྱགས་མཚེའུ་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་བརྟག་དཔྱད་ལེགས་འགྲུབ་བྱུང་བ། ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་པའི་ནང་གཙོ་བོ་གཙང་པོ་དང་མཚེའུ་ཡི་ཆུ་སྤུས་དག་ཚད་རིགས་Ⅲཔའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་4གསར་དུ་བསྣན་པ་དང་གྲོང་ཁྱེར(ས་ཁུལ)བདུན་གྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་ཀྱི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།

    ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཁཱ་ལིར·ལཱ་ཧོ་མན·ཧ་ཧྲི་སྨིས“ད་རེས་ང་རང་བོད་དུ་ཡོང་ཐེངས་གཉིས་པ་ཡིན། ཡོང་ཐེངས་གོང་མ་ནི་ན་ནིང་གི་ཟླ་8པ་རེད། བོད་ལ་སླེབས་རིམ་བཞིན་ང་རང་དགའ་རུ་དགའ་རུ་འགྲོ་ཡི་འདུག ང་ཚོ་བཀྲ་ཤིས་སྒང་གྲོང་ཚོར་བསྐྱོད་པ་ཡིན། འཚམས་འདྲི་བྱེད་སའི་ཁྱིམ་ཚང་དེ་སེམས་རྩ་འཁོལ་པོ་འདུག་ལ་ཁོང་ཚོའི་འཚོ་བའང་ངོ་སྤྲོད་བྱས་བྱུང་། དེ་གར་5Gདྲ་རྒྱ་ཡོད་པ་དང་། འགྲིམ་འགྲུལ་སྟབས་བདེ་བ། ཡུལ་ལྗོངས་ལྟ་ན་སྡུག་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་འདུག”ཅེས་བཤད།

    བོད་ལ་འགྲན་ཟླ་བྲལ་བའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ཡོད། དེ་ལྟ་བུའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་མདུན་དུ་ང་ཚོས་ཇི་ལྟར་བྱས་ནས་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དེ་བས་ལེགས་པ་གཏོང་དགོས་སམ། དེའི་ཐད་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ཞིབ་འཇུག་སུའོ་ཡུལ་སྐོར་ལྟེ་གནས་ཀྱི་འབུམ་རམས་པ་ཝང་ལིང་ཨེན་གྱིས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གཏོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་བསམ་འཆར་བཏོན་པ་རེད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་འདི་གའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཚང་མ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ“འཛུགས་གཏོད་བཞིའི”ལས་འགན་གལ་ཆེན་དང“གནས་གཉིས་དང་ཁུལ་ལྔ”གཏོད་པའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆ་ཆེ་རུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཏན་ཏིག་བཏང་བ་རེད། མིག་སྔར་བྲག་ཡིབ་ཆུས་ནི་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་དང“རི་གཉིས”ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་གཉིས་ཐོབ་མཁན་རྫོང(ཆུས)དང་པོ་དང་འབའ་ཞིག་དེ་རེད།

    རི་ཀླུང་སྔོ་ལྗང་ལྡན་ཞིང་དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་པའི་བཀྲ་ཤིས་སྒང་གྲོང་ཚོའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱུང་བས་ཡུལ་སྐོར་བ་མང་པོ་ཞིག་གི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད། ཡུལ་སྐོར་བའི་ཡུལ་སྐོར་གྱི་ཉམས་ལེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་ཀྱིས་སྐྱེ་ཁམས་ཡུལ་སྐོར་གྱི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་བརྟན་པོ་བཟུང་ཐུབ་པར་བྱ་ཆེད། བཀྲ་ཤིས་སྒང་གྲོང་ཚོས་མང་ཚོགས་ལ་དམངས་སྲོལ་གནས་ཚང་གཉེར་སྐྱོང་དང་། བཟའ་བཏུང་ལས་རིགས་འཕེལ་རྒྱས། ཡུལ་ཟོག་ཐོན་རྫས་ཕྱིར་ཚོང་སོགས་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཡུལ་སྐོར་ཞབས་ཞུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཞོར་དུ་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།