གནས་སྤོ་ཐེངས་གསུམ་བྱས་པའི་ཁྲི་རྡོ་ཤང་།
ནག་ཆུ་གྲོང་ཁྱེར་སོག་རྫོང་གི་དབུས་ལྷོའི་རྒྱུད་དུ་གནས་པའི་ཁྲི་རྡོ་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3900ཡོད་པ་དང་སོག་རྫོང་དང་བར་ཐག་སྤྱི་ལེ་78ཡོད། རྒྱལ་མོ་རྔུལ་ཆུའི་ལུང་གཞུང་དུ་གནས་པས་ལམ་བུ་མང་ཆེ་བ་གཡང་གཟར་རེད།
ལོ་གསུམ་ནང་། ཁྲི་རྡོ་ཤང་སྲིད་གཞུང་གནས་སྤོ་ཐེངས་གསུམ་བྱས་ཡོད། ཉེ་ཆར་དབྱར་དུས་ཀྱི་ཆར་པ་སིམ་སིམ་བབས་པའི་ཉིན་ཞིག་ལ་གསར་འགོད་པ་དང་བཅས་པ་སོག་རྫོང་ནས་ཁྲི་རྡོ་ཤང་དུ“གནས་སྤོ་ཐེངས་གསུམ་བྱས་པའི་ཁྲི་རྡོ་ཤང་གི་སྐོར་ལ”བཅར་འདྲི་བྱེད་པར་ཕྱིན་པ་ཡིན།
རླངས་འཁོར་བསྡད་ནས་ཆུ་ཚོད་གཉིས་ཙམ་སོང་རྗེས་རི་འདབས་སུ་བོད་བཟོའི་སྒོ་ར་ཆུང་ཆུང་གྲལ་སྟར་འགྲིག་པོར་གནས་ཡོད་པ་དང་སྒོ་རའི་མདུན་དུ་ཡོད་པའི་ལན་ཆིའུ་སྤོ་ལོའི་ཐང་དེ་བས་མངོན་གསལ་དོད་པོར་གྱུར།
“དེ་ནི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱས་པའི་སྡོད་ཁང་ཡིན་ཞིང་། 2021ལོར་ཁྲི་རྡོ་ཤང་སྲིད་གཞུང་གནས་སྐབས་དེར་གནས་སྤོས་བྱས་པ་དང་། ང་ཚོའི་མིག་མདུན་གྱི་ཐོག་ཁང་དེ་ནི་ཤང་གི་དབུལ་སྐྱོར་ཐོན་ལས་ཐོག་ཁང་རེད། 2020ལོར་ཤང་སྲིད་གཞུང་གནས་སྐབས་དེར་གནས་སྤོ་བྱས་པ་རེད།
2023ལོར་ཤང་སྲིད་གཞུང་བསྐྱར་སྐྲུན་བྱས་རྗེས་དེ་སྔའི་ས་ཆར་གནས་སྤོ་བྱས་པ་དང་གཞུང་ལས་ཁང་དང་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ནས་ལས་བྱེད་པ་དང་ལས་བཟོ་ཚང་མའི་ལས་ཀ་བྱེད་སེམས་ཆེ་རུ་ཕྱིན་ཡོད”ཅེས་ཀྲང་ཅཱ་ཅཱ་ཡིས་ངོ་སྤྲོད་བྱེད་སྐབས་ལམ་འགྲམ་དུ་ལས་ཀ་བྱེད་མཁན་ལ་བལྟས་ནས་རླངས་འཁོར་ཁ་བཀག་སྟེ“འདི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྭ་དབྱང་མིན་ནམ”ཞེས་བཤད།
“ལམ་བར་དུ་སྐུ་ལས་ཁག་ཡོད་ངེས་རེད། ངའི་ལག་པར་འདམ་བག་གིས་ཁེངས་པས་ཁྱེད་ཚོ་དང་ལག་པ་གཏོང་གི་མིན”ཞེས་སོག་རྫོང་གི་རྫོང་དཔོན་གཞོན་པ་དང་ཁྲི་རྡོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྭ་དབྱང་གིས་ལག་པའི་ནང་གི་འདམ་བག་འཕྱིད་ཀྱིན་བསུ་བ་ཞུས་ཏེ“ཉིན་འགའི་རིང་ལ་ཤང་དུ‘གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད’ཀྱི་རྟ་རྒྱུག་བྱེད་སྒོ་སྤེལ་རྒྱུ་ཡིན། ང་ཚོས་གྲམ་ཐང་འབར་འབུར་འདི་སྙོམས་ནས་མང་ཚོགས་ཀྱི་འགྲན་བསྡུར་བྱ་ཡུལ་དུ་བྱས་ཚེ་ཚང་མས་རྒྱུན་དུ་དེ་གར་རོལ་རྩེད་བྱེད་ཐུབ། ས་ཆ་དེ་མ་གཏོགས་ཤང་དུ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ས་ཆ་ཞིག་རྙེད་ཀྱི་མི་འདུག”ཅེས་བཤད།
རླངས་འཁོར་ཆུ་ཚོད་གཅིག་ལྷག་ཙམ་བསྡད་རྗེས་རི་སྐེད་དུ་བསྐྱར་སྐྲུན་བྱས་པའི་ཤང་སྲིད་གཞུང་མིག་ལམ་དུ་ལྷམ་མེར་འཆར། ཤང་འཕྲོད་བསྟེན་ཁང་དང་། ཤང་ཆ་ཚང་སློབ་ཆུང་། ཤང་མངགས་གཏོང་ཁང་སོགས་སྐས་རིམ་རྣམ་པའི་ཐོག་ནས་ཤང་སྲིད་གཞུང་གི་མཐའ་འཁོར་དུ་གནས་ཡོད།
ཤང་སྲིད་གཞུང་དུ་སྐྱོད་སྐབས་གཡས་ངོས་སུ་ཐོག་སོ་དྲུག་ལྡན་གྱི་ལས་བཟོའི་ལས་ཤག་ཡིན་པ་དང་གཡོན་ངོས་སུ་འཆར་འགོད་ལུགས་མཐུན་གྱི་གཞུང་ལས་ཁང་ཡིན་པ་དེའི་ཁ་སྤྲོད་ལས་བཟོའི་ཟ་ཁང་རེད་འདུག
“ད་ལྟའི་ཤང་སྲིད་གཞུང་དུ་ཆུ་དང་། གློག དྲ་བ། དྲོད་རླངས་བཅས་ཚང་མ་འཁྲིད་ཡོད་པས་ལས་བྱེད་པ་དང་ལས་བཟོ་ཚོ་བློ་བདེ་པོའི་ངང་སྡོད་ཆོག་ལ་ལས་ཀའི་སེམས་ཤུགས་ཀྱང་འཕེལ་ཡོད”ཅེས་ཁྲི་རྡོ་ཤང་གི་ཤང་ཀྲང་བློ་གྲོས་འཇིགས་མེད་ཀྱིས་བཤད།
“ཤང་སྲིད་གཞུང་གནས་སྤོ་ཐེངས་གསུམ་བྱེད་དོན་ཅི་ཡིན་ནམ། མཐའ་མ་སླར་ཡང་སྔར་གྱི་གནས་སུ་སྤོ་དགོས་དོན་གང་ཡིན་ནམ”ཞེས་གསར་འགོད་པས་སྐད་ཆ་དྲིས།
“མང་ཚོགས་ལ་ཞབས་འདེགས་ཞུ་བའི‘མཐའ་མའི་འགག་གནད’སེལ་བར་ས་ཆ་མེད་ན་ག་ལ་འགྲིག”ཞེས་བློ་གྲོས་འཇིགས་མེད་ཀྱིས་དབུགས་ཐེངས་གཅིག་ལ་བཤད། ལོ་ཤས་གོང་ཤང་དུ་ས་ཡོམ་ཐེངས་གཉིས་བརྒྱབ་པས་ལས་བཟོའི་ལས་ཤག་དང་གཞུང་ལས་ཁང་ལ་གནོད་འཚེ་ཕོག་ནས་ཉེན་ཆེའི་ཁང་པར་གྱུར། གྲོས་མོལ་བྱས་རྗེས་གནས་སྐབས་ཤང་དབུལ་སྐྱོར་ཐོན་ལས་ཐོག་ཁང་དུ་སྤོ་རྒྱུའི་གཏན་འཁེལ་བྱས། ཤང་དབུལ་སྐྱོར་ཐོན་ལས་ཐོག་ཁང་ནང་མི་མང་པོ་དེ་ཙམ་གཤོངས་ཀྱི་མེད་པས་ཕྱོགས་མང་པོའི་དབར་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད། ལོ་གཅིག་ལྷག་ཙམ་སོང་རྗེས། ཤང་སྲིད་གཞུང་གནས་སྐབས་སླར་ཡང་ཉེ་འགྲམ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཁང་དུ་སྤོ་རྒྱུའི་ཐག་གཅད། ཤང་སྲིད་གཞུང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཁུལ་དུ་སྤོ་རྩིས་ཡོད་ཀྱང་མང་ཚོགས་ཀྱི་བསམ་འཆར་འདྲི་སྐབས་མི་མང་ཆེ་བས་མོས་མཐུན་བྱེད་ཀྱི་མེད་པ་དང་སློབ་མའི་སློབ་གྲྭའི་ཁོར་ཡུག་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། “སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཁུལ་དེ་ལུང་གཞུང་དུ་གནས་པས་དགུན་དུས་ཉི་མ་ཆུ་ཚོད་བཞི་ཙམ་ལས་འཕྲོ་ཡི་མེད། ཤང་སྲིད་གཞུང་གནས་དེར་སྤོས་ཚེ་ཤང་ནང་གི་སློབ་གྲྭའང་དེར་སྤོ་རྒྱུ་ཡིན་པས་དེའི་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་སློབ་མའི་སློབ་སྦྱོང་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། མཐར་ཁོང་ཚོས་དེ་སྔའི་ས་ཆར་སླར་ཡང་ཤང་སྲིད་གཞུང་གསར་པ་ཞིག་བསྐྲུན་རྒྱུའི་གཏན་འཁེལ་བྱས”
ས་བབ་དང་གནམ་གཤིས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་དབང་གིས་ཁྲི་རྡོ་ཤང་གི་ཨར་འདམ་ལམ་ཆ་ཚང་བཟོ་ཐུབ་མེད། དབྱར་སྟོན་དུས་སུ་དེ་གར་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་སླ་བ་དང་། དགུན་དཔྱིད་དུས་སུ་ལམ་ཁར་འཁྱགས་པ་ཐེབས་སླ་པོ་ཡོད། འགྲོ་ལམ་ཤར་གཏོང་ཐུབ་ཆེད། ཤང་གི་ལས་བྱེད་པས་ངལ་གསོའི་དུས་ཚོད་སྤྱད་དེ་འགྲོ་ལམ་ཁག་ལ་ཞིབ་བཤེར་དང་གྲལ་བཤེར་བྱེད་པར་བསྐྱོད་ནས་གནད་དོན་ཤེས་རྟོགས་བྱུང་ཚེ་འཕྲལ་དུ་འགྲོ་ལམ་ཤར་གཏོང་ཐུབ་པ་བྱས་ནས་མང་ཚོགས་འགྲོ་སྐྱོད་སྟབས་བདེ་དང་བདེ་འཇགས་ཡོང་བ་བྱེད་ཀྱི་ཡོད།
“ཐེངས་ཤིག་གཞུང་ལམ་མྱུར་བཟོ་དང་ཤར་གཏོང་འགན་ལེན་གྱི་ལས་དོན་ཁྲོད་ང་ཚོར་བརྟག་ཞིབ་བྱེད་པར་ཡོང་བའི་ལས་དོན་ཚོགས་ཆུང་དང་འཕྲད་བྱུང་། གླེང་མོལ་བྱེད་རིང་ཁོང་ཚོས་ཀུ་རེ་རྩེད་བཞིན‘ཁྲི་རྡོ་ཤང་གི་ལས་བྱེད་པར་ལྟ་དུས་ཞིང་འབྲོག་མང་ཚོགས་མངོན་གསུམ་རེད་འདུག”ཟེར་བ་དང་། ང་ཚོས་ཀྱང་ཀུ་རེ་རྩེད་བཞིན‘དེ་ཐོག་ནས་ང་ཚོའི་ལས་ཀ་ལེགས་འགྲུབ་བྱུང་ནས་མང་ཚོགས་དང་མཉམ་འདྲེས་ཟབ་མོ་བྱུང་བ་གསལ་བཤད་བྱེད་ཐུབ”ཅེས་ལིའུ་ཧྭ་དབྱང་གིས་འཛུམ་དམུལ་དམུལ་ངང་བཤད།
རྒྱལ་མོ་རྔུལ་ཆུ་ཁྲི་རྡོ་ཤང་ཁོངས་ནས་རྒྱུག་འགྲོ་བ་དང་། མང་ཚོགས་ཆུ་བོ་སྒྲོལ་བའི་བདེ་འཇགས་ལ་འགན་ལེན་བྱ་ཕྱིར་ཆུ་བོ་སྒྲོལ་བའི་ཟམ་པ་བསྐྲུན་ཡོད། ཕྲུ་གུ་ཚོའི་སྤོ་ལོ་རྒྱག་པའི་འདུན་པ་སྐོང་ཕྱིར་བསྐྲུན་པའི་ལན་ཆིའུ་སྤོ་ལོའི་ཐང་ནས་དགའ་འབོད་ཀྱི་སྒྲ་ཡང་ནས་ཡང་དུ་གྲགས་འོང་གིན་འདུག འགྲིམ་འགྲུལ་སྟབས་བདེ་མེད་པ་དང་བྱེད་སྒོ་ཆེ་གྲས་ཅུང་ཟད་གཉེར་ཉུང་བའི་རྐྱེན་གྱིས། འདི་ལོའི་ཟླ་དང་པོར་ཁྲི་རྡོ་ཤང་གིས་རྟ་རྒྱུག་བྱེད་སྒོ་ཆེ་གྲས་ཤིག་གཉེར་བ་དང་འབྲེལ། མཐའ་འཁོར་གྱི་རྫོང་དང་ཤང་གི་མང་ཚོགས་བྱེད་སྒོར་ཞུགས་རྒྱུར་གདན་དྲངས་ཡོད།
རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་སུ་ཁྲི་རྡོ་ཤང་ཐེངས་གསུམ་གནས་སྤོ་བྱས་ཤིང་། ད་ཆ་དམངས་ལ་ཞབས་འདེགས་ཞུ་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ཕྱོགས་སུ་སྐྱོད་པའི་གོམ་སྟབས་སྔར་བས་བརྟན་དུ་འགྲོ་བཞིན་ཡོད།