རྩྭ་ཐང་སྟེང་གི་ཕྱུགས་རིགས་སྨན་པ།
—— རང་སྐྱོང་ལྗོངས་ཀྱི་སྐབས་དྲུག་པའི་ངལ་རྩོལ་དཔེ་བཟང་བ་སྐལ་བཟང་སྟོབས་རྒྱལ་གྱི་སྐོར་བཀོད་པ།
ཞོགས་པའི་ཆུ་ཚོད་7པར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ་མཆོད་རྟེན་གྲོང་ཚོའི་ཚོགས་ཆུང་ལྔ་པའི་རྩྭ་ཐང་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཞིང་། སྐལ་བཟང་སྟོབས་རྒྱལ་གྱིས་དགེ་ཕྲུག་དཀོན་མཆོག་བཀྲ་ཤིས་ལ“ཁབ་རྩེ་དུག་སེལ་ཡག་པོ་བྱེད་དགོས་ལ་རིམས་འགོག་སྨན་ཁབ་རྒྱག་སར་ཡང་དུག་སེལ་ཡག་པོ་བྱས་ཏེ་ཕན་ཚུན་མི་འགོས་པ་བྱེད་དགོས”ཞེས་འབྲི་གཡག་ལ་རིམས་འགོག་སྨན་ཁབ་རྒྱག་སྟངས་སྐོར་སློབ་བཞིན་ཡོད།
དབུ་སྐྲ་དུང་ལྟར་དཀར་བའི་སྐལ་བཟང་སྟོབས་རྒྱལ་ནི་འདི་ལོ་ལོ་60ལ་སླེབས་ཤིང་། མཆོད་རྟེན་གྲོང་ཚོའི་རྒན་ཡོལ་ཞུས་པའི་ཕྱུགས་རིགས་སྨན་པ་ཞིག་རེད། ལོ་12ལ་སླེབས་སྐབས་དགེ་རྒན་གྱི་དྲུང་ནས་ཕྱུགས་རིགས་སྨན་པའི་རྩལ་ནུས་སྦྱངས་པ་ནས་བཟུང་། ཁོང་གིས་ལས་ཀར་ཧུར་སེམས་དང་སྙིང་རུས་བཅངས་ནས་འབྲོག་ཁུལ་གྱི་ཕྱུགས་རིགས་སྨན་པའི་ལས་ལ་བགྲང་བྱ་48ཙམ་གཞོལ།
འདམ་གཞུང་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་ས་གནས་དེ་གའི་མང་ཚོགས་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། ཕྱུགས་རིགས་སྨན་པ་ནི་ཁོང་ཚོའི་ངོས་ནས་བརྗོད་ན་རྩྭ་ཐང་སྟེང་གི་ཕྱུགས་རིགས་ཀྱི་མགོན་སྐྱབས་ལྟ་བུ་རེད།
“སྐབས་དེ་དུས་འབྲོག་ཁུལ་དུ་ཕྱུགས་རིགས་སྨན་པ་ཧ་ཅང་དཀོན་པའི་ཁར། ངས་ཡི་གེ་ཤེས་པར་བརྟེན་རང་འགུལ་ངང་ཕྱུགས་རིགས་སྨན་པའི་གསོ་སྦྱོང་ལ་ཞུགས་རྒྱུའི་མིང་ཐོ་བཀོད་པ་ཡིན། ལས་ཀར་འཛུལ་མ་ཐག་ང་ལ་ཟླ་རེའི་གླ་ཕོགས་ཡོད་པ་མ་ཟད། ད་དུང་འབྲོག་པའི་སེམས་ཁྲལ་ཡང་སེལ་ཐུབ་པས་སྤོབས་སེམས་ཆེན་པོ་སྐྱེས་ཀྱི་འདུག”ཅེས་སྐལ་བཟང་སྟོབས་རྒྱལ་གྱིས་ཕྱིར་དྲན་བྱེད་བཞིན་བཤད་པ་དང་། ཕྱུགས་རིགས་སྨན་པའི་ལས་ཀར་དཀའ་ངལ་ཧ་ཅང་ཆེ་བ་དང་རྒྱུན་དུ་སྔ་ཐོན་ཕྱི་ལོག་བྱེད་དགོས་མོད། འོན་ཀྱང་འབྲོག་པས་ཐུགས་རྗེ་ཆེ་ཞུ་བ་ཐོས་སྐབས་ཁོང་ལ་ལས་ཀ་དེ་དག་བྱེད་རིན་ཡོད་པའི་ཚོར་སྣང་ཡོང་གི་ཡོད།
བགྲང་བྱ་48ཀྱི་རིང་སྐལ་བཟང་སྟོབས་རྒྱལ་གྱི་རྐང་རྗེས་འདམ་གཞུང་རྩྭ་ཐང་གི་གནས་གང་སར་ཁྱབ་ཡོད། ན་གཞོན་ནས་ལོ་ན་དྲུག་ཅུར་སོན་པའི་བགྲེས་སོང་བར་དང་ཐང་ཤ་དོད་པ་ནས་མགོ་སྐྲ་དཀར་པོར་གྱུར་པའི་བར། སྐལ་བཟང་སྟབས་རྒྱལ་གྱི་འགྲུལ་བཞུད་ཡོ་བྱད་ཀྱང་རྐང་ཐང་དང་རྟ་བཞོན་པ་ནས་སྦག་སྦག་བཞོན་པ་དང་དེ་ནས་འཇིབ་ཆུང་གཏོང་བའི་བར་གྱི་འགྱུར་ལྡོག་བྱུང་ཡང་། འགྱུར་བ་མེད་པ་ནི་འབྲོག་པའི་སེམས་ཁྲལ་སེལ་ཞིང་ཕྱུགས་རིགས་ཐང་པོ་ཡོང་བའི་ཐོག་མའི་བསམ་འདུན་དེ་རེད།
“གང་བྱས་དེ་དགའ། གང་འབད་དེ་མཁས”ཞེས་པ་ལྟར། སྐལ་བཟང་སྟོབས་རྒྱལ་གྱི་ངོས་ནས་བརྗོད་ན། ཕྱུགས་རིགས་སྨན་པ་ཡག་པོ་ཞིག་བྱེད་པར་སྤྲོ་སེམས་ཁོ་ན་ཡོད་པས་གཏན་ནས་འགྲིག་གི་མེད། རང་ཉིད་ཀྱི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཆེད། ལོ་མང་རིང་ཁོང་གིས་ཉིན་ལྟར་ཕྱུགས་རིགས་སྨན་པའི་འགོག་བཅོས་དང་བོད་ལུགས་གསོ་རིག་སོགས་འབྲེལ་ཡོད་ཤེས་བྱ་རང་སྦྱོང་མཐའ་འཁྱོངས་བྱས་པ་དང་འབྲེལ། ཕྱུགས་རིགས་ལ་སྨན་བཅོས་བྱས་པའི་ཆ་འཕྲིན་དང་ཉམས་མྱོང་རེ་རེ་བཞིན་ཟིན་ཐོར་འགོད་ཀྱི་ཡོད། ད་ཆ་ཁོང་ལ་ཟིན་བྲིས་བཀོད་པའི་དེབ་མང་པོ་ཡོད། ལོ་མང་རིང་གི་ཉམས་མྱོང་གི་ཁར་རང་སྦྱོང་ཟམ་མི་ཆད་པར་བྱས་པར་བརྟེན། ད་ཆ་སྐལ་བཟང་སྟོབས་རྒྱལ་འདམ་ཆུ་ཁ་གྲོང་རྡལ་དང་ཐ་ན་འདམ་གཞུང་རྫོང་གི་སྲོག་ཆགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱང་མར་གྱུར་ཡོད། ཁོང་གིས་ཤང་ཡོངས་ཀྱི་ཕྱུགས་རིགས་གསོ་སྤེལ་གྱི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་པ་མ་ཟད། ད་དུང་རྫོང་གི་སྲོག་ཆགས་རིམས་འགོག་པ་དང་སློབ་མ་གསར་པར་དུས་བཀག་ལྟར་ཕྱུགས་རིགས་སྨན་པའི་ལས་སྒོའི་ཤེས་བྱ་སློབ་ཀྱི་ཡོད།
སྐལ་བཟང་སྟོབས་རྒྱལ་གནས་སའི་མཆོད་རྟེན་གྲོང་ཚོར་ཁྱོན་ཚོགས་ཆུང་6ཡོད་པ་དང་ཚོགས་ཆུང་རེར་འབྲི་གཡག་མགོ་གྲངས་1000ནས་3000བར་ཡོད་པ་རེད། ལོ་རེའི་དཔྱིད་དུས་ནི་འབྲི་གཡག་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ནམ་དུས་ཡིན་པས། གྲོང་ཚོའི་ཕྱུགས་རིགས་སྨན་པའི་དགེ་ཕྲུག་12སྔ་ས་ནས་རང་རྐྱ་འཕེར་ཏེ་རིམས་འགོག་སྨན་ཁབ་རྒྱག་ཐུབ་ཀྱང་། སྐལ་བཟང་སྟོབས་རྒྱལ་རྟག་ཏུ་ས་ཡུལ་དངོས་སུ་ལྟ་བར་འགྲོ་གི་ཡོད།
“སྐལ་བཟང་སྟོབས་རྒྱལ་གྱིས་ང་ཚོར་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་སྦ་གསང་སྤུ་ཙམ་ཡང་མེད་པར་སློབ་པ་དང་། རྟག་ཏུ་ང་ཚོར་སྨན་ཁབ་རྒྱག་དུས་ཁབ་ཀྱི་མཐོ་དམན་དང་ཁབ་རྩེར་དུག་སེལ་ཇི་ལྟར་བྱེད་པ་སོགས་དམར་ཁྲིད་བྱེད་པ་མ་ཟད། ད་དུང་ང་ཚོར་སྲོག་ཆགས་ཀྱི་གོམ་བགྲོད་དང་གཟན་ཆག་ཟ་བའི་གནས་ཚུལ་ལ་གཞིགས་ནས་རིམས་ནད་གང་ཕོག་པ་དང་གང་དུ་མི་བདེ་བར་ལྟ་དགོས་ལུགས་ཀྱང་སློབ་ཀྱི་ཡོད”ཅེས་དཀོན་མཆོག་བཀྲ་ཤིས་ཀྱིས་དགེ་རྒན་སྐལ་བཟང་སྟོབས་རྒྱལ་གྱི་སྐོར་གླེང་སྐབས་དགའ་མགུ་ཡི་རངས་བྱེད་བཞིན་བཤད།
2024ལོར། སྐལ་བཟང་སྟོབས་རྒྱལ་རང་སྐྱོང་ལྗོངས་སྐབས་དྲུག་པའི་ངལ་རྩོལ་དཔེ་བཟང་ལ་བདམས་ཤིང་། དེ་ནི་རྒན་ཡོལ་ཞུས་ཟིན་ཡང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་སྲོག་ཆགས་ཀྱི་རིམས་འགོག་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བའི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ཁོང་གི་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་ཞིག་རེད་ལ། ཁོང་གིས་ཡུལ་ཕྱོགས་གཅིག་གི་མི་སེར་ལ་ཕན་འདོགས་པ་དང་འདམ་གཞུང་རྫོང་གི་གྲོང་གསེབ་དར་རྒྱས་ཆེད་སེམས་ནུས་འདོན་པའི་ཆོད་སེམས་དང་ཡིད་ཆེས་ཀྱང་བརྟན་དུ་སོང་ཡོད།