དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་ངོ་མཚར་ཆེ་བའི་རྨ་ལྷོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-07

    མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་དུ་གནས་པའི་རེབ་གོང་སྒྱུ་རྩལ་རྟེན་མཛོད་ཁང་དུ་སྐྱོད་སྐབས། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ལ། ལོ་རྒྱུས་ཀྱི་བག་ཆགས་རབ་ཏུ་མཐུག་ཅིང་། སྤམ་མཐོ་བའི《གསོ་རིག་དཔལ་ལྡན་རྒྱུད་བཞི》ཡིས་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་གྱིས་གནའ་བོའི་བོད་ཀྱི་གསོ་བ་རིག་པའི་འཕོ་འགྱུར་ཞིབ་འཇུག་ལ་གཞི་འཛིན་ས་མཁོ་འདོན་བྱས་པ་སོགས་རྟེན་མཛོད་ཁང་གིས་རེབ་གོང་སྒྱུ་རྩལ་རིག་གནས་ལ་རྒྱུས་མངའ་བྱེད་པའི་སྐར་ཁུང་ཞིག་བཏོད་ཡོད།

    “གཟིགས་དང་། མི་རིགས་མཐུན་སྒྲིལ་གྱི་ནང་དོན་འཁོད་པའི་ཐང་ག་འདི་ནི་མཚོ་སྔོན་པོའི་རང་བྱུང་མཛེས་ལྗོངས་རྒྱབ་ལྗོངས་དང་། མི་རིགས་ལྔ་བཅུ་ང་དྲུག་བརྗོད་གཞིར་བྱས་ཏེ་རེབ་གོང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་གསར་དུ་བརྩམས་པ་ཞིག་རེད། ཁ་བཏགས་ཀྱིས་བཀྲ་ཤིས་ཕུན་ཚོགས་དང་བདེ་སྐྱིད་འཆམ་མཐུན་མཚོན་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་དང་། བོད་མི་དམངས་ཀྱིས་ཏང་དང་སྲིད་གཞུང་ལ་བཅངས་པའི་དྲིན་ཚོར་གྱི་བརྩེ་བ་ཟབ་མོ་མཚོན་གྱི་ཡོད”ཅེས་ལོ་སུམ་ཅུ་ལྷག་ཙམ་ཟིན་པའི་འགྲེལ་བརྗོད་པ་ཀླུ་བྱམས་མཚོ་ཡིས་ཚིག་སྙན་ཞིང་བརྩེ་བ་ཟབ་མོས་སྐུ་མགྲོན་ལ་འགྲེལ་བཤད་བརྒྱབ།

    ཀླུ་བྱམས་མཚོའི་ལས་ཀ་ནི་ཉིན་ལྟར་ཡུལ་སྐོར་བར་སྣེ་ལེན་ཞུས་ནས་ངང་རྒྱུད་རིང་པོས་ཁོང་ཚོར་འགྲེལ་བཤད་ཞིབ་ཕྲ་རྒྱག་རྒྱུ་དེ་རེད། ཀླུ་བྱམས་མཚོ་ཆུང་དུས་ནས་རེབ་གོང་དུ་འཚར་ལོངས་བྱུང་བའི་རེབ་གོང་བ་ས་སྐྱེས་རྡོ་སྐྱེས་ཤིག་རེད། 2015ལོར་རྟེན་མཛོད་ཁང་དངོས་སུ་སྒོ་ཕྱེ་བ་ནས་བཟུང་། ཁོང་རྟེན་མཛོད་ཁང་གི་འགྲེལ་བརྗོད་པར་བསྡུས་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་མི་རྣམས་ལ་ངོ་མཚར་བང་མཛོད་ཀྱི་གཅེས་ནོར་ལྟ་བུར་གྱུར་པའི་རེབ་གོང་སྒྱུ་རྩལ་གྱི་རིག་གནས་ལ་འགྲེལ་བཤད་བྱེད་ཀྱི་ཡོད།

    2006ལོར། བོད་ཀྱི་ཐང་ག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་པ་དང་། 2009ལོར“རེབ་གོང་སྒྱུ་རྩལ”འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་ཀྱི་མིང་གཞུང་ནང་བཅུག་ཡོད།

    ཀླུ་བྱམས་མཚོས་ཐང་ག་འདི་དག་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་ནོར་བུ་ཞིག་ཡིན་པ་གསལ་པོ་ཤེས་རྗེས། ཁོང་གིས་འགྲེལ་བཤད་འགོ་མ་བརྩམས་གོང་དཔེ་དེབ་ལྟ་བ་དང་དྲ་རྒྱ་ནས་དཔྱད་གཞི་འབོར་ཆེན་བཙལ་ཏེ་འགྲེལ་བཤད་ལེགས་པོ་ཡོང་བར་གྲ་སྒྲིག་བྱེད་ཀྱི་ཡོད།

    རྟེན་མཛོད་ཁང་གི་འགོ་འཛིན་རྡོ་རྗེ་ལྷུན་གྲུབ་ཀྱིས། མིག་སྔར་རྟེན་མཛོད་ཁང་ལ་ཉར་ཚགས་དངོས་པོ་2000ལྷག་ཙམ་ཡོད་པ་དག་ཐང་ག་དང་། འཚེམ་དྲུབ། འཇིམ་སྐུ། མེ་ཏོག་མཆོད་པ། འཛུགས་སྐྲུན་ཚོན་རིས། པར་ཤིང་སོགས་རིག་ཚན་མང་པོ་དང་འབྲེལ་བའི་སྐབས་རིམ་བྱུང་གི“རེབ་གོང་སྒྱུ་རྩལ”གྱི་བརྩམས་ཆོས་རྩེ་གྲ་ཤ་སྟག་ཡིན། རྟེན་མཛོད་ཁང་བསྐྲུན་ནས་འཕེལ་རྒྱས་བཏང་བ་དེས་རྨ་ལྷོའི་མི་རིགས་ཁག་འགྲོ་འོང་གི་ལོ་རྒྱུས་ཀྱི་དོན་དངོས་དང་། གནའ་རྫས་རྟོག་ཞིབ་ཀྱི་ཅ་དངོས། རིག་གནས་ཀྱི་ཤུལ་བཞག་བཅས་སྔོག་འདོན་གང་ལེགས་ཐུབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཅན་གྱི་རྣམ་པར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བྱས་ཏེ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བར་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་ཅེས་བཤད།

    རྟེན་མཛོད་ཁང་ནས་རེབ་གོང་གི་རིག་གནས་སྒྱུ་རྩལ་ལ་ལྟ་ཆོག་པ་ཕུད། རྨ་ལྷོ་ཀྲོའུ་ཡི་རིག་དངོས་སྲུང་སྐྱོང་ལས་དོན་ཡང་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རེབ་གོང་གྲོང་ཁྱེར་པའོ་ཨན་གནའ་གྲོང་ལ་མ་དངུལ་སྒོར་ཁྲི་585བཏང་ནས་རིག་དངོས་ཉམས་བཟོ་སྲུང་སྐྱོང་ལས་གྲྭ་ལག་ལེན་བསྟར་བ་དང་། རོང་བོ་དགོན་གྱི་དགོན་ལག་གཉན་ཐོག་དགོན་དང་། སྒོ་དམར་དགོན་སོགས་ཀྱི་ལྡེབས་རིས་མྱུར་སྐྱོབ་རང་བཞིན་གྱི་སླར་གསོ་སྲུང་སྐྱོང་གི་ལས་གྲྭར་སྒོར་ཁྲི་1023བཏང་ཡོད། 2023ལོར་རེབ་གོང་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་དང་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་སྒོར་ཁྲི་7བཏང་ནས་གཉན་ཐོག་དགོན་པར་ཉར་ཚགས་བྱས་པའི་ཏཱ་མིང་རྒྱལ་རབས་ཀྱི་རྡོ་རིང་སྲུང་སྐྱོབ་བྱས་པ་སོགས་མ་འཇོག་རེ་རེ་དང་ལས་གྲྭ་རེ་རེ་ལས་རེབ་གོང་གྲོང་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་ལས་དོན་སྒྲུབ་པའི་ཆོད་སེམས་དང་རྣམ་འགྱུར་མཚོན་ཡོད།

    མི་དམངས་ཉིན་རེའི་ཚགས་པར་ཁང་དུ་འབྱོར་བའི་གནས་ཚུལ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།