མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཁམས་ཀྱི་སློབ་གསོ་དང་སྐྱེ་ཁམས་མྱོང་རོལ་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། “མིག་སྔར་ང་ཚོས་ལྷ་མོའི་མཚོ་ཁུག་མཛེས་ལྗོངས་ཁུལ་དུ་རང་བྱུང་ཁམས་ཀྱི་སློབ་གསོའི་ལས་སྟེགས་5བསྐྲུན་པ་མ་ཟད། སྐྱེ་ཁམས་མྱོང་རོལ་གྱི་གདུང་འདེགས་འཕྲང་ལམ་དང་འབྲེལ་ཡོད་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་མཚོན་རྟགས་བྱང་བུའང་བཙུགས་ཡོད”ཅེས་ཉེ་ཆར་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བས་ངོ་སྤྲོད་བྱས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལས་དོན་སྤེལ་བ་ནས་བཟུང་། “མཛེས་ལྗོངས་ཁུལ་གཙོ་བོ་དང་། མཚོ་སྐོར་སྐྱེ་ཁམས་རོལ་རྩེད་དང་ངལ་གསོ་རྒྱག་ཁུལ། ཞིབ་སློབ་རྟེན་གཞི། རང་བྱུང་ཁམས་ཀྱི་སློབ་གསོའི་རྟེན་གཞི་བཅས་ཟུང་དུ་འབྲེལ་རྒྱུར”དམིགས་ནས་རང་བྱུང་ཁམས་ཀྱི་སློབ་གསོ་དང་སྐྱེ་ཁམས་མྱོང་རོལ་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ། རང་བྱུང་ཁམས་ཀྱི་སློབ་གསོ་དང་སྐྱེ་ཁམས་མྱོང་རོལ་གྱི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་བཏང་ཡོད།
མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་སྐྱེ་ཁམས་ཀྱི་རིན་ཐང་ཕྱོགས་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་དང་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། རང་བྱུང་ཁམས་ཀྱི་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ནས་མཚོ་མཚེའུ་ཆུང་ངུ་དང་། ཆུ་མིག་མཚོ་ཁུག དཔལ་དགེ་སོགས“རྒྱལ་ཁྱབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་རང་བྱུང་ཁམས་ཀྱི་སློབ་གསོའི་རྟེན་གཞི”7དང་། “མཚོ་སྔོན་ཞིང་ཆེན་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི”3 མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི“མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་དགོ་དམར་རང་བྱུང་ཁམས་ཀྱི་སློབ་གསོའི་ཞིབ་སློབ་རྟེན་གཞི”བཅས་འདུན་ཞུ་ལམ་ལྷོངས་བྱུང་ཡོད། གཞི་རིམ་ས་ཚིགས་ཀྱི་ཕྱོགས་བསྡུས་ནུས་པ་གང་ལེགས་བཏོན་ནས་མཚོ་སྐོར་གྱི་སྲུང་སྐྱོང་ས་ཚིགས་6ལ་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཀྱི་འགྲེམས་པང་དང་། དྲིལ་བསྒྲགས་འགྲེམས་པང་། སྐྱེ་ཁམས་འགྲེམས་སྟོན་ཁང་ཆུང་གྲས་2བཅས་བཙུགས་ནས་སྡེ་ཁུལ་གྱི་མང་ཚོགས་དང་། སྐྱེ་ཁམས་དོ་དམ་པ། དང་བླངས་པ་བཅས་དང་འབྲེལ་གཏུག་བྱས་ནས་རང་བྱུང་ཁམས་ཀྱི་སློབ་གསོ་སྤེལ་བའི་ལས་སྟེགས་བཟང་པོ་ཞིག་ཏུ་གྱུར་ཡོད། མཚོ་སྐོར་གྱི་སྐྱེ་ཁམས་རོལ་རྩེད་དང་ངལ་གསོ་རྒྱག་ཁུལ་དུ་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱང་བུ་80དང་མཛེས་ལྗོངས་རི་མོ་6སྔ་རྗེས་སུ་བཙུགས་ཡོད། མཚོ་སྔོན་པོའི་ལྷོ་བྱང་ངོགས་གཉིས་ལ་དགོ་དམར་རང་བྱུང་ཁམས་ཀྱི་སློབ་གསོའི་རྟེན་གཞི་སོ་སོར་བསྐྲུན་པ་མ་ཟད། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་ཁང་དང་། རྒྱང་ལྟ་བྱ་ཡུལ། རང་བྱུང་ཁམས་ཀྱི་སློབ་གསོའི་དཔེ་དབྱིབས། དགོ་དམར་འགྲེལ་བཤད་བྱང་བུ་སོགས་ཀྱི་འབྲེལ་ཡོད་སྒྲིག་བཀོད་བསྐྲུན་ཞིང་། བྱའི་གླིང་ཕྲན་ས་ཁོངས་སུ་པུ་ཧ་ཆུ་བོའི་མཚོ་སྔོན་པོའི་བྱ་རིགས་རང་བྱུང་ཁམས་ཀྱི་སློབ་གསོའི་རྟེན་གཞི་བཙུགས་པ་དང་། ཆུ་བྱའི་སློབ་གསོ་ཁང་དང་། སྲོག་ཆགས་ཀྱི་དངོས་དཔེ་ཁང་། རྩི་ཤིང་གི་དངོས་དཔེ་ཁང་སོགས་ཀྱི་སྒྲིག་བཀོད་ཀྱང་བསྐྲུན་ནས་མཚོ་སྔོན་པོར་རང་བྱུང་ཁམས་ཀྱི་སློབ་གསོ་དང་སྐྱེ་ཁམས་མྱོང་རོལ་བྱེད་སྒོ་སྤེལ་རྒྱུར་རྨང་གཞི་བཏིང་ཡོད།
“ང་ཡིས་དང་བླངས་པ་བྱས་ནས་མཚོ་སྔོན་པོ་སྲུང་”ཞེས་པའི་བརྗོད་དོན་གཙོ་བོའི་རང་བྱུང་ཁམས་ཀྱི་སློབ་གསོ་དང་དང་བླངས་ཞབས་ཞུའི་རིམ་སྤེལ་བྱེད་སྒོ་མུ་མཐུད་སྤེལ་ནས་དང་བླངས་འཆད་ཁྲིད་དཔུང་ཁག་བཙུགས་ཏེ། “སློབ་གྲྭར་ཁྱབ་སྤེལ”སོགས་ཀྱི“ཁྱབ་སྤེལ་བཅུའི”བྱེད་སྒོར་བརྟེན་ནས“མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས”ཐེངས་70ལྷག་ཙམ་བྱས་པར་མང་ཚོགས་ཁྲི་ལྷག་ལ་ཕན་པ་ཐོབ་ཡོད།