བོད་ལྗོངས་གཞིས་རྩེས་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་པ།
གང་དགོས་འཛོམས་པའི་ས་ཚུགས་ཆུང་ངུ་ཡིས། ཕྱོགས་བཞིའི་མགྲོན་པོར་དྲོ་སྐྱིད་ལྷག་པར་སྦྱིན།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་གི་རྒྱལ་ལམ་318འགྲམ་དུ་ཡོད་པའི“སེའུ་འབྲུའི”ས་ཚུགས་ཤིག་གིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་ཡོད།
ས་ཚུགས་དེར་སྐྱོད་སྐབས། ཡངས་ཤིང་རྒྱ་ཆེ་བའི་ངལ་གསོ་ཁང་དང་། སྐྱིད་སྣང་དོད་པའི་རྐུབ་སྟེགས། སྟབས་བདེའི་ཆུ་དང་གློག་མཁོ་འདོན་སྒྲིག་བཀོད། མགྱོགས་ཚད་མྱུར་བའི་སྐུད་མེད་དྲ་ལམ། གསོ་རླུང་མཁོ་འདོན་སྒྲིག་ཆས་བཅས་འཛོམས་པོ་ཡོད་པ་དེ་དག་སྒེར་འཁོར་བཏང་ནས་འོང་མཁན་ཡུལ་སྐོར་བར་གྲ་སྒྲིག་བྱས་པ་ཞིག་རེད། དེས་མ་ཚད་ས་ཚུགས་དེས་མཁོ་འདོན་བྱས་པའི་རིག་གནས་འགྲེམས་སྟོན་དང་སྤེལ་རེས་ལས་སྟེགས་ལས་ཡུལ་སྐོར་བས་ངལ་གསོ་རྒྱག་ཞོར་དུ་ལྷ་རྩེའི་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུས་ལོན་གཏིང་ཟབ་ཐུབ་ཀྱི་ཡོད།
གཞིས་ཆེན་ཤང་གི་ཤང་ཀྲང་གཞོན་པ་ཞུས་ཝུན་ཆུང་གིས་སྔར་གྱི་གནས་ཚུལ་ཞིག་གསལ་ལེར་དྲན་པ་སྟེ། ཧྲའན་ཤིས་ཀྱི་ཡུལ་སྐད་རྒྱག་མཁན་ཡུལ་སྐོར་བ་ཞིག་གུས་གུས་ཞུམ་ཞུམ་ངང་ས་ཚུགས་ཀྱི་ཚོམས་ཆེན་དུ་ཡོང་ནས“འདིར་གསོ་རླུང་ཡོད་དམ”ཞེས་ལས་རེས་བྱེད་བཞིན་པའི་ཞུས་ཝུན་ཆུང་ལ་སེམས་ཆུང་ངང་དྲིས།
“གནས་ཚུལ་གང་ཐོན་སོང་ངམ”ཞེས་ཞུས་ཝུན་ཆུང་གིས་སེམས་ཁུར་ཆེན་པོས་དྲིས།
“ང་ནི་འཁོར་གཏོང་ཡུལ་སྐོར་བ་ཞིག་ཡིན། དུས་ཚོད་རིང་པོ་རླངས་འཁོར་བཏང་བར་བརྟེན་གཟུགས་པོ་མི་བདེ་བས། ཞབས་ཞུ་ཁུལ་འདི་མཐོང་འཕྲལ་སྐད་ཆ་འདྲི་བར་ཡོང་བ་ཡིན”ཞེས་ཡུལ་སྐོར་བ་དེས་ཁོང་ལ་བཤད།
“ཁྱེད་རང་ང་དང་མཉམ་དུ་ཕེབས་ཤོག”ཅེས་ཞུས་ཝུན་ཆུང་གིས་ཡུལ་སྐོར་བ་ཁྲིད་དེ་ས་ཚུགས་ཀྱི་འབོལ་ཁྲིའི་འཁྲིས་སུ་སྡོད་དུ་བཅུག་ནས་ཁོང་གིས་ས་ཚུགས་ཀྱི་གསོ་རླུང་འཕྲུལ་ཆས་དབོར་ནས་ཡུལ་སྐོར་བ་དེར་གསོ་རླུང་བརྔུབས་ནས་ངལ་གསོ་ཡག་པོ་ཞིག་རྒྱག་ཏུ་བཅུག་པ་རེད།
ཞུས་ཝུན་ཆུང་གི་ངོས་ནས་བརྗོད་ན་དོན་དག་དེ་རིགས་འཕྲད་ཐེངས་དང་པོ་མིན། འཁོར་གཏོང་ཡུལ་སྐོར་ནི་མིག་སྔར་བོད་དུ་དར་ཁྱབ་ཆེ་བའི་ཡུལ་སྐོར་བྱེད་སྟངས་ཤིག་ཡིན། ལྷ་ས་ནས་ཇོ་མོ་གླང་མའི་བར་གྱི་རྒྱལ་ལམ་318བརྒྱུད་སྐབས་གཞིས་ཆེན་ཤང་ནི་ལམ་རྒྱུད་ཀྱི་ས་ཚུགས་གལ་ཆེན་ཞིག་རེད། ཡུལ་སྐོར་བ་མང་པོ་ཞིག་གིས་འདིར་ངལ་གསོ་རྒྱག་འདོད་བྱེད་ཀྱི་ཡོད་པས། ས་ཚུགས་ཆུང་ངུ་དེར་ཆུ་དང་། གསོ་རླུང་། གློག ངལ་གསོ་རྒྱག་ས། དྲ་ཞུགས་བཅས་གང་དགོས་འཛོམས་པོ་ཡོད།
“ལྷ་རྩེ་ནི་གཞིས་རྩེའི་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་གྱི་ཨ་མ་ཡིན། ང་ཚོའི་ཤང་ནི་ལྷ་རྩེར་ཡོད་པའི་རྒྱལ་ལམ་གྱི་ས་ཚུགས་དང་པོ་དེ་རེད། བོད་ཀྱི་ཡུལ་སྐོལ་བྱ་ཡུལ་གལ་ཆེན་དུ་གནས་པའི་ང་ཚོའི་ཤང་གི་ཏང་ཡོན་ཚོས་དང་བླངས་ཞབས་འདེགས་རེས་མོས་ཀྱིས་ཞུས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བར་འགན་ལེན་ཡག་ཤོས་བྱེད་བཞིན་ཡོད”ཅེས་གཞིས་ཆེན་ཤང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཀྲེང་གིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“ཡུལ་མིར་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་། ཡུལ་སྐོར་བར་ཡུལ་སྐོར་བློ་འདོན་དང་རོགས་སྐྱོར་གྱི་ཞབས་འདེགས་ཞུས་ཏེ་མིག་སྔར་ཡུལ་སྐོར་བ་དང་མང་ཚོགས་ལ་བློ་འདོན་ཞབས་ཞུ་ཐེངས་1600ལྷག་ཙམ་དང་རོགས་སྐྱོར་ཐེངས་74བྱས་ཡོད”ཅེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ལམ་318དང་ཞིང་ཆེན་ལམ་219སོགས་ལམ་རྒྱུད་དུ་དམངས་ཕན་ཞབས་ཞུའི་ས་ཚིགས་བཅུ་གྲངས་ཁ་ཤས་བསྐྲུན་ནས་ཆུ་ཚོད་24རིང་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བར་རིན་མེད་ངང་སྒོ་ཕྱེ་སྟེ“འཁྱག་དུས་དྲོད་ལེན་དང་། འཚིག་དུས་བསིལ་གྲིབ། སྐོམ་དུས་ཆུ་ཡོད་པ། གསང་སྤྱོད་ཡོད་པ། ངལ་གསོ་རྒྱག་ས་ཡོད་པ། རྨས་སྐྱོན་ཕོག་སྐབས་སྨན་ཡོད་པ”བཅས་སྟབས་བདེ་ལ་སེམས་རྩ་འཁོལ་བའི་ཞབས་འདེགས་མང་པོ་ཞུ་གི་ཡོད། ལན་འཇོག་གྱང་བསྐྲུན་པ་དང་ཡུལ་སྐོར་བའི་རེ་འདུན་ཆུང་ངུ་བསྡུ་རུབ་བྱས་ཏེ། ཁོར་ཡུག་འཕྲོད་བསྟེན་དང་། ཚོང་དུད་ཀྱི་ཚོང་གཉེར། སྒྲིག་བཀོད་ཆག་སྐྱོན་བྱུང་བ་སོགས་ཐད་ཡུལ་སྐོར་བས་བཏོན་པའི་མཛེས་ལྗོངས་ཁུལ་བཅོས་སྒྲིག་གི་གནད་དོན་ལེགས་སྒྲིག་བྱས་ཏེ། གནད་དོན་གྱི་ལས་ཐོ་བཀོད་པ་དང་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་ཡུལ་སྐོར་བ་དགའ་བཞིན་སྤྲོ་བཞིན་ཡོང་བ་དང་བློ་ཡིད་ཚིམ་པོས་ཕ་ཡུལ་དུ་ལོག་ཐུབ་པར་བྱས་ཡོད།