དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • “ང་ནི་ས་མཐོའི་བུ་ཕྲུག་ཡིན་ལ་ཧོང་ཧྲི་བ་གསར་པ་ཞིག་ཀྱང་ཡིན”

    —— ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་ཀྱི་བོད་སྐྱོར་ལས་དོན་སྤེལ་ཚུལ་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-07

    ན་ནིང་ཟླ་བ་ལྔ་པར་ཧོང་ཧྲི་གྲོང་ཁྱེར་དུ་ཇ་ཁང་ཞིག་བཙུགས་ཤིང་། ཇ་ཁང་དེའི་སྦྱིན་བདག་བག་བྲོས་དགའ་ཚོར་ཆེན་པོས་ནང་མིར་བརྙན་ལམ་བརྒྱུད“པཱ་ལགས། གཟིགས་དང་། ང་ཚོའི་ཇ་ཁང་དངོས་སུ་སྒོ་ཕྱེ་བ་ཡིན”ཞེས་བཤད།

    ཇ་ཁང་བདེ་བླག་ངང་འཛུགས་ཐུབ་པ་དེ་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པའི་མཛུབ་ཁྲིད་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། བག་བྲོ་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ནས་ཡིན་པ་དང་། སློབ་ཆེན་མཐར་ཕྱིན་རྗེས་ཁོང་ལ་ཡུལ་གཞན་དུ་ལས་གཏོད་བྱེད་པར་འགྲོ་རྒྱུའི་འདུན་པ་ཆེན་པོ་ཡོད། ཁོང་ལ་ལྗོངས་ཕྱིར་ལས་གཏོད་བྱེད་པར་འགྲོ་བའི་འདོད་མོས་ཆེན་པོ་ཡོད་པ་ཤེས་རྗེས་ཧོང་ཧྲི་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པས་དུས་ཐོག་ཏུ་ཧུའུ་པེའི་ཏུང་པེ་ཚོགས་པ་འགན་འཁྲི་ཚད་ཡོད་ཀུང་སི་དང་མཐུན་སྦྱོར་བྱས་ཏེ། བག་བྲོར་ལས་གཏོད་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་ས་ཆའི་བོགས་དངུལ་སོགས་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱས།

    ཇ་ཁང་གི་ཚོང་ཇེ་ཡག་ཏུ་ཕྱིན་པ་དང་བསྟུན་ནས་ལས་མི་ཅུང་ཁ་ཐང་བར་གྱུར་ཅིང་། བག་བྲོས་ཁོ་པའི་པཱ་ལགས་དང་། ཨ་ཅག ཨ་ཅག་གི་བཟའ་ཟླ་བཅས་ཧོང་ཧྲིར་རང་ཉིད་དང་མཉམ་དུ་ཇ་ཁང་གཉེར་སྐྱོང་བྱེད་པར་ཡོང་རྒྱུའི་གྲོས་འགོ་བཏོན། “ཇ་ཁང་དུ་ང་རང་ལ་རོགས་པ་བྱེད་པའི་ཞོར་དུ་ནང་མི་ཚོས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་བསྐོར་ནས་མཐོང་རྒྱ་ཆེ་རུ་ཕྱིན་ན་སྙམ་བྱུང”ཞེས་བག་བྲོས་བཤད།

    ཁ་ཏ་བསླབ་བྱ་ཐེངས་མང་བྱས་པ་བརྒྱུད། བག་བྲོའི་པཱ་ལགས་དང་། ཨ་ཅག་དང་ཁོང་གི་བཟའ་ཟླ་བཅས་ཀྱིས་གཞི་ནས་ཧོང་ཧྲིར་ཡོང་རྒྱུའི་ཁས་བླངས་པས་སྔ་ས་ནས་ནང་མི་མཉམ་འཛོམས་ཀྱི་འདུན་པ་དྲག་པོ་ཡོད་པའི་བག་བྲོའི་བསམ་འདུན་གྲུབ། ད་ཆ་བག་བྲོའི་ནང་མི་ཚོ་ཧོང་ཧྲིར་ལས་ཀ་བརྟན་ལ་ཡོང་འབབ་ཡག་པས་མི་སྨོན་རང་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད། “ད་ཆ་ང་ནི་ས་མཐོའི་བུ་ཕྲུག་ཡིན་ལ་ཧོང་ཧྲི་བ་གསར་པ་ཞིག་ཀྱང་ཡིན”ཞེས་བག་བྲོས་བཤད།

    བག་བྲོ་དང་མྱོང་བརྒྱུད་འདྲ་བའི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་སྐལ་སྒྲོན་ཡང་ཧོང་ཧྲི་གྲོང་ཁྱེར་དུ་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་དེ་ནས་རང་ཉིད་ཀྱི་ཚེ་གང་གཏན་གྲོགས་ཀྱང་ཁ་ཐུག་ཡོད། 2021ལོའི་ཟླ་10པར་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལས་ཞུགས་བོད་སྐྱོར་གྱི“ཧོང་ཧྲི་ཡི་རྣམ་པའི”སྲིད་ཇུས་ཀྱི་ཁྲིད་སྟོན་འོག སློབ་ཆེན་ཐོན་པའི་སྐལ་སྒྲོན་ཧོང་ཧྲི་གྲོང་ཁྱེར་དུ་ངོ་རྒྱུགས་ཐེངས་མང་བཏང་མཐར་ཅིན་ཕེ་ཚད་ཡོད་ཀུང་སིས་བསྡུས་ནས་ཧྥེང་ལིན་ཨ་རག་བཟོ་གྲྭར་ལས་བགོས་བརྒྱབ།

    ཧོང་ཧྲིར་སླེབས་རྗེས་སྐལ་སྒྲོན་གྱི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཁྱོ་ག་ཁོའོ་ཁྲང་ཧྲན་དང་ངོ་ཤེས་ནས་རིམ་གྱིས་ཕན་ཚུན་དབར་བརྩེ་དུང་ཟབ་མོ་ཆགས་ཏེ་འཇིག་རྟེན་མཐུན་འཇུག་གི་ལས་ལ་ཞུགས། “འདི་གར་ལུས་པོ་བདེ་ལ་སེམས་སྐྱིད་པོ་འདུག”ཅེས་སྐལ་སྒྲོན་གྱིས་བཤད། ལས་ཞུགས་ནས་ལས་གཉེར་བྱེད་པའི་བར་དང་དེ་ནས་ཁྱིམ་ཐབ་བཟུང་བའི་བར། སྐལ་སྒྲོན་དང་ཁོའོ་ཁྲང་ཧྲན་དབར་གྱི་འདི་ལྟ་བུའི་ལས་འབྲེལ་ཟབ་མོ་ནི་མི་གཉིས་ཙམ་དང་ཁྱིམ་ཚང་གཉིས་ཙམ་མ་ཡིན་པར་མི་རིགས་གཉིས་ཀྱི་དོར་ཐབས་མེད་པའི་ལྷད་མེད་བརྩེ་བ་ཞིག་དེ་བས་ཀྱང་རེད།

    ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཁ་གཏད་བོད་སྐྱོར་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ནས། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་དཀའ་བ་དང་ལས་ཀ་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། “ཕྱོགས་ཡོངས་ནས་ལས་གནས་རྒྱ་སྐྱེད་པ་དང་། འགག་སྒོ་མདུན་དུ་སྤོ་བ། ལས་གཏོད་ལ་རོགས་སྐྱོར་བྱེད་པ། ངོས་འཛིན་ཟབ་ཏུ་གཏོང་བ། མཉམ་འདྲེས་ལ་གཞི་ཚུགས་པ། འབྱུང་འགྱུར་ལ་དམིགས་པ། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ”སོགས་ཕྱོགས་བརྒྱད་ནང་དོན་གཙོ་བོར་བྱས་པའི“ཁུར་མོང་འཕུར་སྐྱོད་བྱ་སྤྱོད”གསར་གཏོད་ལག་བསྟར་བྱས་ནས“ཧུའུ་བོད་ཀྱི་བརྩེ་བའི”ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལྗོངས་ཕྱིར་ལས་ཞུགས་བྱེད་ཚད་ཟམ་མི་ཆད་པར་སྲ་བརྟན་དང་ཟབ་ཏུ་བཏང་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོའི་ལོ་མཇུག་ཏུ“ཧུའུ་བོད་ཀྱི་བརྩེ་བའི”ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལྗོངས་ཕྱིར་ལས་ཞུགས་ཀྱི་ལས་དོན་སྤེལ་ཚུན། ཧུའུ་པེ་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་195བསྡུས་པའི་ནང་ཧོང་ཧྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་སློབ་མ་151བསྡུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།