དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་ལ“མཛའ་གྲོགས་གཟེངས་རྟགས”གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-07

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུ་ཤང་པེའི་ཙུང་ཐུང་ལས་ཤག་ཏུ་གཟེངས་རྟགས་སྤྲོད་པའི་མཛད་སྒོ་གཟབ་རྒྱས་འཚོགས་ནས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་ལ“མཛའ་གྲོགས་གཟེངས་རྟགས”གནང་ཞིང་། འདི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཛའ་བརྩེའི་ངང་ཕྱག་གཏོང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དུ་ཤང་པེ་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུ་ཤང་པེའི་ཙུང་ཐུང་ལས་ཤག་ཏུ་གཟེངས་རྟགས་སྤྲོད་པའི་མཛད་སྒོ་གཟབ་རྒྱས་འཚོགས་ནས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་ལ“མཛའ་གྲོགས་གཟེངས་རྟགས”གནང་བ་རེད།

    ཙུང་ཐུང་ལས་ཤག་གི་མེ་ལོང་ཚོམས་ཆེན་ནས་གཟི་མདངས་རྣམ་པར་འཚེར་བ་དང་ཀྲུང་གོ་དང་ཐ་ཇིག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ནས་འོད་མདངས་འཕྲོ་ཞིང་། རྒྱབ་ལྗོངས་དམར་པོའི་ཐོག་གི་གསེར་མདོག་གི“མཛའ་གྲོགས་གཟེངས་རྟགས”ཀྱི་རི་མོ་ཧ་ཅང་མངོན་གསལ་དོད་པོ་ཡོད།

    རྔམ་བརྗིད་ལྡན་པའི་གུས་ལུགས་རོལ་དབྱངས་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་དང་ལཱ་ཧོ་མོང་རྣམ་གཉིས་ལྷན་དུ་ཚོམས་ཆེན་ནང་ཕེབས་ནས་གཟེངས་རྟགས་སྤྲོད་པའི་སྟེགས་བུའི་ཐོག་འཛེགས་གནང་བ་རེད།

    དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་བ་རེད།

    ཞི་ཅིན་ཕིང་གིས་ཤིས་ཚིག་བསྒྲོན་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། དེ་རིང་ང་ཚོས་མཛད་སྒོ་གཟབ་རྒྱས་གཉེར་ནས་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན་པའི་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་མཆོག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཀྱི་གཟི་བརྗིད་གཟེངས་རྟགས་མཐོ་ཤོས་ཏེ“མཛའ་གྲོགས་གཟེངས་རྟགས”གནང་བ་ཡིན། འདི་ནི་ཀྲུང་གོས་ཕྱི་རྒྱལ་དུ“མཛའ་གྲོགས་གཟེངས་རྟགས”སྤྲོད་ཐེངས་དང་པོ་ཡིན་པ་དང་ཀྲུང་གོ་མི་དམངས་ཀྱིས་ཙུང་ཐུང་ལཱ་ཧོ་མོང་དང་ཐ་ཇིག་སི་ཐན་མི་དམངས་ལ་བཅངས་པའི་མཛའ་གྲོགས་བརྩེ་སེམས་མཚོན་ཆེད་དམིགས་བསལ་ཐོག་བཀོད་སྒྲིག་བྱས་པ་ཞིག་ཡིན།

    ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ལཱ་ཧོ་མོང་ནི་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་གྱི་བསླབ་པ་རྒན་གྲས་ཀྱི་འགོ་ཁྲིད་པ་དང་ཆབ་སྲིད་མཁས་ཅན་ཞིག་དང་ཀྲུང་ཐའི་འབྲེལ་བའི་གསར་གཏོད་པ་དང་སྐུལ་འདེད་གཏོང་མཁན་ཞིག་རེད། ཙུང་ཐུང་ལཱ་ཧོ་མོང་དང་ཀྲུང་གོའི་འགོ་ཁྲིད་པའི་སེམས་ཁུར་དང་སྐུལ་འདེད་ཤུགས་ཆེན་འོག ཀྲུང་ཐའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་སྟེ་མཛའ་གྲོགས་ཁྱིམ་མཚེས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བར་དང་དེ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ན་ནིང་ང་དང་ཙུང་ཐུང་ལཱ་ཧོ་མོང་གིས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དང་། སྐྱིད་སྡུག་མཉམ་མྱོང་། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཀྲུང་ཐའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསར་པ་གསལ་སྟོན་དང་དམིགས་ཚད་གསར་པ་གཏན་འཁེལ་བྱས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལྗིད་ཏིག་ཏིག་གི“མཛའ་གྲོགས་གཟེངས་རྟགས”དེར་ཙུང་ཐུང་ལཱ་ཧོ་མོང་གིས་ཀྲུང་ཐའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕུལ་བའི་གཟེངས་སུ་ཐོན་པའི་ལེགས་སྐྱེས་དང་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་ཐའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་རེ་བ་ནན་པོ་འདུས་ཡོད། ངས་ཙུང་ཐུང་ལཱ་ཧོ་མོང་དང་མཉམ་དུ་མཛའ་གྲོགས་ཁྱིམ་མཚེས་བརྟན་སྲུང་དང་གཉིས་ཁེ་གཉིས་ཕན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཐའི་འབྲེལ་བ་གོམ་ཞེང་ཆེན་པོས་མདུན་སྐྱོད་ཐུབ་པར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

    ཝང་དབྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བྱས་རྗེས་གཟེངས་རྟགས་གནང་བའི་བཀའ་རྒྱ》སྒྲོག་སྦྱངས་གནང་བ་རེད།

    ཀྲུང་གོ་ཕྱོགས་ཀྱི་གཟབ་སྦྲེང་དམག་གིས་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་མཐོན་པོར་བསྒྲེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་གཟེངས་རྟགས”ཙུང་ཐུང་ལས་ཤག་ཏུ་སྲུང་སྐྱེལ་བྱས་པ་རེད།

    ཞི་ཅིན་ཕིང་གིས་ལཱ་ཧོ་མོང་ལ་བྱས་རྗེས་གཟེངས་རྟགས་བཏགས་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱམས་བརྩེའི་ངང་ཕྱག་བཏང་གནང་ཞིང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

    དམག་མིའི་རོལ་ཆ་ཚོགས་པས་ཐ་ཇིག་སི་ཐན་གྱི་རྒྱལ་གླུ་དཀྲོལ་བ་རེད།

    ལཱ་ཧོ་མོང་གིས་ཐུགས་རྗེ་ཆེ་ཞུ་བའི་གཏམ་བཤད་གནང་ཞིང་། ལཱ་ཧོ་མོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཀྱི“མཛའ་གྲོགས་གཟེངས་རྟགས”གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཟི་བརྗིད་དེ་ནི་ཐ་ཇིག་སི་ཐན་གྱི་མི་དམངས་ཡོངས་ཀྱིས་ཐ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་བཏང་བར་ཁས་ལེན་དང་གདེང་འཇོག་གནང་བ་ཞིག་རེད། ཀྲུང་གོ་ནི་ཐ་ཇིག་སི་ཐན་གྱི་རླབས་ཆེན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་རེད། ཐ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཀྱི་ཕྱོགས་འགལ་དང་མཉམ་ལས་ཀྱི་འགོག་རྐྱེན་གང་ཡང་མེད། རྒྱལ་ཁབ་གཉིས་པོའི་འབྲེལ་བས་ཚད་མཐོའི་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་རྨང་གཞིར་འཛིན་གྱི་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོས་ཐ་ཇིག་སི་ཐན་ལ་སྒེར་སེམས་མེད་པའི་རྩ་ཆེའི་རོགས་སྐྱོར་མང་པོ་བྱས་སྟབས། ཐ་ཇིག་སི་ཐན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་པས་ཐ་ཇིག་སི་ཐན་མི་དམངས་ཀྱིས་དེའི་ཐད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    གཟེངས་རྟགས་གནང་བའི་མཛད་སྒོའི་ཐོག་ཚོགས་ཞུགས་སྐུ་མགྲོན་ཡོངས་ཀྱིས་ཐེངས་བཅུ་ལྷག་ཙམ་ཡར་ལངས་པ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།