ཞི་ཅིན་ཕིང“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་ཨ་སི་ཐ་ནའི་དབུ་ཚོགས་ལ་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་གྲོང་ཁྱེར་དུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་ཨ་སི་ཐ་ནའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་གྲོང་ཁྱེར་དུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་ཨ་སི་ཐ་ནའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ང་ཚོས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་རྣམ་པའི་ཐོག་ནས་དབུ་ཚོགས་ཐེངས་དང་པོ་འཚོགས་ཡོད། གྲོགས་པོ་ཡག་པོ་དང་རོགས་ཟླ་གསར་པ་མཉམ་དུ་འཛོམས་ནས་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་དེ་ཐོག་ནས་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་རྩ་འཛུགས་འདི་གའི་འདུ་ཤེས་ལ་དགའ་བསུ་རྒྱ་ཁྱབ་ཐོབ་པ་དང་། ཁོངས་མིའི་རྒྱལ་ཁབ་ཀྱི་གྲོགས་པོ་གནམ་འོག་ཏུ་ཁྱབ་པ་གསལ་བཤད་ཐུབ་ཡོད།
མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་སྒོ་ནས་འགྲོ་བཞིན་ཡོད། མིའི་རིགས་ཀྱི་ཤེས་དཔལ་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པ་དང་དུས་མཚུངས། བདེ་འཇགས་དང་། བརྟན་ལྷིང་། གཏན་འཁེལ་བཅས་མེད་པའི་རྒྱུ་རྐྱེན་ཡང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། དུས་འགྱུར་འདིར་ཁ་གཏད་ཡག་པོ་གཅོག་པའི་འགག་རྩ་ནི་འགྱུར་ལྡོག་ཤེས་པའི་བློ་རིག་དང་། འགྱུར་ལྡོག་ལ་བསྟུན་པའི་ཐབས་ཤེས། འགྱུར་ལྡོག་ཡོང་བའི་བློ་སྟོབས་བཅས་ཡོད་དགོས། ང་ཚོས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས“ཧྲང་ཧའེ་ཡི་སྙིང་སྟོབས”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པ་དང་ས་གནས་འདི་གའི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ། དེ་བས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་བདེ་སྡོད་དང་། ལས་བརྩོན། བདེ་སྐྱིད་བཅས་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ།
གཅིག མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཀྱི་ཐུན་མོང་ཁྱིམ་གཞིས་སྐྲུན་དགོས། “ཧྲང་ཧའེ་ཡི་སྙིང་སྟོབས”དེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དང་གཅིག་རྒྱུན་གཅིག་འཛིན་དང་རྩ་འཛུགས་འདི་གའི་ཐུན་མོང་གི་རིན་ཐང་ཡིན་པས་སྔར་ལས་ལྷག་པའི་གཅེས་སྤྲས་དང་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུ་དགོས། ང་ཚོས་ཕན་ཚུན་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་དང་ཕན་ཚུན་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། འཐབ་ཇུས་ཀྱི་འབྲེལ་མཐུད་བརྒྱུད་འགལ་བ་སེལ་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཀྱིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲིད་ཏང་གི་གླེང་སྟེགས་དུས་ཐོག་གཉེར་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
གཉིས། ཞི་བདེ་ལྷིང་འཇགས་ཀྱི་ཐུན་མོང་ཁྱིམ་གཞིས་སྐྲུན་དགོས། རྒྱལ་ཁབ་ཚང་མ་བདེ་འཇགས་བྱུང་ན་གཞི་ནས་དངོས་འབྲེལ་གྱི་བདེ་འཇགས་ཡོང་ཐུབ། བདེ་འཇགས་མཉམ་ལས་ཀྱི་ལམ་སྲོལ་དང་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ལྟེ་གནས་དང་དེའི་འོག་གི་སྒྲིག་གཞི་མགྱོགས་མྱུར་འཛུགས་པ་དང་། དུག་འགོག་ལྟེ་གནས་སྐྲུན་པ། གསང་འཕྲིན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། ཀྲུང་གོས“འཇིགས་རྒོལ་རོགས་ལས—2024”མཉམ་འབྲེལ་འཇིགས་རྒོལ་ནང་སྦྱོང་སོགས་ཀྱི་བྱེད་སྒོ་ཡག་པོ་གཉེར་རྒྱུ་ཡིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐུན་སྦྱོར་མཉམ་ལས་ལམ་སྲོལ་སོགས་ལས་སྟེགས་ཀྱི་ནུས་པ་བཏོན་ནས་ཨ་ཧྥུ་ཀ་ནི་སི་ཐན་ཞི་བདེ་བསྐྱར་སྐྲུན་གྱི་འགྲོ་ལམ་ཐོག་སྐྱོད་པར་སྐུལ་འདེད་གཏོང་དགོས།
གསུམ། དར་རྒྱས་གོང་འཕེལ་གྱི་ཐུན་མོང་ཁྱིམ་གཞིས་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་2025ལོ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལོར”གཏན་འཁེལ་བྱེད་པའི་གྲོས་འགོ་འདོན་རྒྱུ་ཡིན། ཕྱོགས་ཁག་དང་མཉམ་དུ་སྤུས་ཚད་མཐོ་བས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བྱ་སྤྱོད་ཁག་བརྒྱད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཞིང་ལས་དཔེ་སྟོན་རྟེན་གཞི་དང་། ས་གནས་ཀྱི་དཔལ་འབྱོར་ཚོང་དོན་དཔེ་སྟོན་ཁུལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གསར་གཏོད་རྟེན་གཞི་སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་ནས་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་སྤྱད་དེ་རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་སློབ་གསོའི་མནའ་འབྲེལ་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ལ། རྩ་འཛུགས་འདི་གའི་རྒྱལ་ཁབ་ལ་གྲངས་འཛིན་ལག་རྩལ་གསོ་སྦྱོང་གི་མི་གྲངས་མཁོ་འདོན་བྱེད་འདོད་ཡོད། རྩ་འཛུགས་འདི་གའི་བཅོས་སྐྱོང་མ་ལག་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་འཁོར་སྐྱོད་ཀྱི་ནུས་ཕྱོད་ཆེ་རུ་གཏོང་རྒྱུ་ཡིན།
བཞི། ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་གྱི་ཐུན་མོང་ཁྱིམ་གཞིས་སྐྲུན་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་དམངས་ཁྲོད་སྒྲིག་གཞིའི་ནུས་པ་གང་ལེགས་བཏོན་ནས་སྲོལ་རྒྱུན་གསོ་རིག་གླེང་སྟེགས་དང་། དམངས་ཁྲོད་མཛའ་མཐུན་གླེང་སྟེགས། གཞོན་ནུའི་སྤེལ་རེས་སྒར་ས། གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་སོགས་སྤུས་རྟགས་གྲགས་ཅན་གྱི་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་དགོས། ཕྱོགས་ཁག་ཆིང་ཏའོ་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་དང་བུད་མེད་གླེང་སྟེགས་ལ་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། འབྱུང་འགྱུར་ལོ་5ཡི་ནང་། ཀྲུང་གོ་ཕྱོགས་ཀྱིས་རྩ་འཛུགས་འདི་གའི་རྒྱལ་ཁབ་ལ་གཞོན་ནུ་1000ཀྲུང་གོར་སྤེལ་རེས་ལ་ཡོང་བའི་མི་གྲངས་མཁོ་འདོན་བྱེད་རྒྱུ་ཡིན།
ལྔ། དྲང་གཞག་དྲང་བདེན་གྱི་ཐུན་མོང་ཁྱིམ་གཞིས་སྐྲུན་དགོས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་མེད་པར་བཟོ་བར“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས”ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་བཅས་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཐུན་སྒྲིལ་རོགས་ལས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ད་བར་ཡག་པོ་བསྐྱོད་ཐུབ་པའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཞིག་ཡིན་ལ། རྒྱང་ལམ་གསར་པར་འགྱུར་བབ་གདོང་ལེན་དང་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་རེད། ཨ་སི་ཐ་ནའི་དབུ་ཚོགས་གྲོལ་རྗེས། ཀྲུང་གོས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྩ་འཛུགས་འདི་གའི་རོགས་ཟླ་དང་མཐུན་སྒྲིལ་རོགས་ལས་བྱས་ནས“ཧྲང་ཧའེ་ཡི་སྙིང་སྟོབས”ཁས་ལེན་བྱེད་མཁན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དེ་བས་མང་བ་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་ལམ་དེ་བས་འོད་སྟོང་འཕྲོ་བ་དང་རེ་བས་ཁེངས་པ་བྱེད་འདོད་ཡོད།