ས་ཚིགས་ཆུང་ཆུང་ནས་དམངས་འཚོ་ཆེན་པོར་ཞབས་འདེགས་ཧུར་ཐག་ཞུས་པ།
སྣེ་གདོང་ཆུས་ཀྱིས“སྒོ་འགྲམ”གྱི་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་བསྐྲུན་པའི་སྐོར་བཀོད་པ།
འདི་ནི་སྣེ་གདོང་ཆུས་དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་ཟུར་ཞིག་ཡིན་པ།
འདི་ནི་རྡོ་ཕོ་བྲང་ཤང་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དགའ་གདོང་མཐུན་སྒྲིལ་གྲོང་གསར་དུ་འཚོགས་བཞིན་པ།
འདི་ནི་སློབ་གྲྭ་ཆེ་མོ་བས་བོད་ལྗོངས་ཆིང་ཅང་གསོ་རླུང་བཟོ་ཁང་རྟེན་གཞིར་དངོས་སྦྱོང་བྱེད་བཞིན་པ།
འདི་ལོ་ནས་བཟུང་། སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་གིས་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ནས་བྱེད་ཐབས་མང་པོ་སྤྱད་དེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། “སྒོ་འགྲམ”གྱི་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་བསྐྲུན་པས། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རིམ་བཞིན་ཆེ་རུ་ཕྱིན་ཡོད།
ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པའི་སྣེ་གདོང་ཆུས་དགའ་གདོང་མཐུན་སྒྲིལ་གྲོང་གསར་ནི་སྣེ་གདོང་ཆུས་ཀྱི་ཡུལ་གཞན་ནས་གནས་སྤོས་པའི་ས་ཚིགས་ཆེ་ཤོས་དེ་ཡིན་ཞིང་། དེ་གར་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་ནས་གནས་སྤོས་པའི་མང་ཚོགས་དུད་ཚང་563འཚོ་སྡོད་བྱེད་ཀྱི་ཡོད། ཁོང་ཚོའི་ལས་ཞུགས་གནད་དོན་རྒྱུན་མཐུད་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་སྣེ་གདོང་ཆུས་ཨུད་དང་དང་ཆུས་སྲིད་གཞུང་གི་དོན་ཆེན་ཨང་དང་པོ་དེ་རེད།
ལས་ཞུགས་ཀྱི་དམངས་འཚོའི“དོན་དངོས་ཕྲན་བུ”ལེགས་པར་བསྒྲུབས་ནས་གནས་སྤོས་མང་ཚོགས་ཀྱི“བདེ་སྐྱིད་ཚོར་སེམས”ཆེ་རུ་གཏོང་ཆེད། སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་གིས་ལས་ཀ་ཙག་ཙིག་ཁྲོམ་ར་དང“སྒོ་འགྲམ”གྱི་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་འདེགས་སྐྱོར་དུ་བྱས་པའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་ལ་བརྟེན་ནས། དམངས་ཡོངས་ལ་ཁྱབ་ཅིང་སྟབས་བདེ་ལ་ནུས་ཆེའི་སྤྱི་པའི་ལས་ཞུགས་ལ་ཞབས་འདེགས་ཞུས་ཏེ་ས་གནས་དེ་གའི་ལས་ཞུགས་ལ་སྐུལ་འདེད་དེ་བས་ལེགས་པར་བཏང་ནས་ཤང་ཡོངས་ཀྱི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད། 2024ལོའི་ལོ་འགོར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་འབབ་འཕར་གཞུང་ལས་ཁང་གིས་དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་འཛུགས་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་འབྲེལ། ཟླ་3ཚེས་31ཉིན་དངོས་སུ་སྒོ་བྱང་བཀལ་ནས་ཞབས་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
ཡུལ་བབ་དང་བསྟུན་པ་དང་རྒྱུ་ཆར་གཞིགས་ནས་ཐབས་ཇུས་ལག་བསྟར་བྱས་ཤིང་། རྡོ་ཕོ་བྲང་ཤང་འབབ་འཕར་གཞུང་ལས་ཁང་དང་དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་ཕུར་བུ་བཀྲ་ཤིས་ཀྱིས། “འདི་ལོའི་ལོ་འགོར་ང་ཚོས་ལས་ཞུགས་ཀྱི་འདོད་མོས་ཡོད་པའི་མང་ཚོགས་600ལྷག་ཙམ་གྱི་ལོ་ན་དང་། སློབ་རྒྱུས། རྩལ་ནུས། ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་ཡིན་མིན་སོགས་ཀྱི་གཞི་རྩའི་གནས་ཚུལ་ཐོ་འགོད་བྱས་པ་ཡིན། ཟླ་བ་གསུམ་ལྷག་ཙམ་རིང་། ངལ་རྩོལ་ནུས་ཤུགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱུང་རྗེས། ང་ཚོས་ས་ཆ་མང་པོར་བསྐྱོད་དེ་ལས་ཞུགས་ཚན་པ་དང་འབྲེལ་མཐུད་བྱས་ནས་མང་ཚོགས་ལ་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་དང་ལས་ཞུགས་ཆ་འཕྲིན་མཁོ་འདོན་བྱས་ཏེ་གནས་སྤོས་མང་ཚོགས་ལ་དམིགས་ནས་ལས་ཞུགས་གནད་དོན་སྔོན་ལ་ཐག་གཅོད་བྱས་པ་ཡིན”ཞེས་བརྗོད།
དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་མང་ཚོགས་ཚོའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་ཕུད། ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་ཀྱིས་ད་དུང་ཤང་དེ་ཡོངས་ལ་ཕྱོགས་ནས་ཞབས་འདེགས་ཞུས་ཡོད་པ་རེད། སྐལ་བཟང་དབྱངས་ཅན་དང་བསོད་ནམས་གཡུ་སྒྲོན་སོགས་གྲོང་ཚོ་གཞན་གྱི་གྲོང་མིར་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་བརྒྱུད་སྔ་རྗེས་སུ་སྨོན་ལམ་ཟ་ཁང་དང་། ཡར་ཀླུང་མེ་ཏོག་ལྡུམ་རའི་ཁུལ་ཆུང་། རྒྱ་ཚ་གློག་ཁང་སོགས་སུ་ལས་ཀ་རག་ཡོད་པ་རེད།
སྨོན་ལམ་ཟ་ཁང་གི་འགན་འཁུར་བ་བདེ་སྐྱིད་སྒྲོལ་དཀར་གྱིས“ཟ་ཁང་གསར་པ་བཙུགས་རྗེས་ད་དུང་རྡོ་ཕོ་བྲང་ཤང་འབབ་འཕར་གཞུང་ལས་ཁང་གིས་འོས་སྦྱོར་བྱས་པའི་ལས་མི་མུ་མཐུད་བསྡུ་རྩིས་ཡོད། ཟླ་རེར་ཁོང་ཚོར་དུས་ཐོག་ཏུ་གླ་ཆ་སྒོར་5300སྤྲོད་ཀྱི་ཡིན”ཞེས་བརྗོད།
སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་འབབ་འཕར་གཞུང་ལས་ཁང་དང་དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་མི་སྣ་ཀུན་མཆོག་ལྷ་མོས་གསར་འགོད་པར། “ལོ་འགོར་གྲ་སྒྲིག་བྱས་པ་ནས་ད་བར་ང་ཚོས་རྡོ་ཕོ་བྲང་ཤང་གི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་52.3རག་ཐབས་བྱས་ཡོད། དུས་ཚིགས་དང་པོར་ང་ཚོའི་ཤང་གི་འབབ་འཕར་བསྡོམས་རྩིས་གྲངས་གཞི་ན་ནིང་གི་དུས་མཚུངས་དང་བསྡུར་ན་17.8%འཕར་ཡོད། གོམ་སྟབས་རྗེས་མར། ང་ཚོས་མི་སྤྱོད་ཚན་པ་དང་འབྲེལ་མཐུད་བྱས་ནས་མང་ཚོགས་ལ་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་ཏེ་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་རག་ཐབས་བྱེད་ཀྱི་ཡིན”ཞེས་བརྗོད།
ལས་ཞུགས་འབབ་འཕར་གྱི“ས་ཚིགས་ཆུང་ཆུང་གིས”མང་ཚོགས་ཀྱི“དམངས་འཚོ་ཆེན་པོར”ཞབས་འདེགས་ཞུས་ཤིང་། ད་ཆ་སྣེ་གདོང་ཆུས་ཀྱི་ལས་ཞུགས་འབབ་འཕར་ཞབས་ཞུའི་ས་ཚིགས་རེ་རེ་བཞིན་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤུས་རྟགས་གསར་པ་དང་སྐར་ཁུང་གསར་པར་གྱུར་ནས་སྣེ་གདོང་ཆུས་ཀྱི་མང་ཚོགས་དེ་བས་མང་བ“སྒོ་འགྲམ”དུ་ལས་ཞུགས་ཐུབ་ཡོད་པ་རེད།