དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྥུའུ་ཅན་གྱིས་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་པ།

    དམངས་ཀྱི་བྱ་བ་ཏན་ཏན་ཏིག་ཏིག་ངང་ལེགས་པར་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-05

    ལོ་30ཡི་རིང་། ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། ལས་བྱེད་ཤེས་ལྡན་པའི་སྤེལ་རེས་མཉམ་ལས་བྱེད་པ། ཐོན་ལས་རྒྱབ་སྐྱོར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། རིག་གནས་སློབ་གསོའི་རྒྱབ་སྐྱོར་བྱེད་པ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཁྱོན་ལས་བྱེད་ཤེས་ལྡན་པ་ཁག་བཅུ་དང་མི་ཐེངས་653བོད་དུ་འདེམས་གཏོང་བྱས་ནས་ལས་དོན་སྤེལ་བ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་50ཙམ་བཏང་ནས། བོད་སྐྱོར་རྣམ་གྲངས་1118འཆར་འགོད་ལག་བསྟར་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་ཆེན་པོ་བཏོན་པ་རེད།

    སེམས་ནུས་གཅིག་སྒྲིལ་གྱིས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་སྦྲེལ་ཟམ་བསྐྲུན་པ།

    མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་དང་རྒྱལ་བབ་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། རོགས་སྐྱོར་བྱ་ཡུལ་གྱི་གཞོན་ནུ་ལོ་ཆུང་དང་གཞི་རིམ་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་ལྟ་སྐོར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སྐྱོད་པ་དང་འབྲེལ་རོགས་སྐྱོར་བྱ་ཡུལ་གྱི་མང་ཚོགས་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་བྱེད་པར་རོགས་རམ་ཡང་བྱས་པ་རེད།

    2023ལོ་ཁོ་ནར་ཆབ་མདོའི་གཞོན་ནུ་ལོ་ཆུང་དང་། ཞིང་འབྲོག་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ། བུད་མེད་ཀྱི་འཐུས་མི། གྲོང་ཚོའི་ལས་བྱེད་པ་སོགས་རིགས་ཁག་གི་ཚོགས་སྤྱི་མི་ཐེངས་600ལྷག་ཙམ་ཁག་ཐེངས་བགོས་ནས་ཧྥུའུ་ཅན་དུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི“འབྲེལ་འདྲིས་གསུམ”གྱི་བྱེད་སྒོ་སྤེལ་བར་བསྐྱོད་པ་རེད།

    ཐང་གའི་ཁྱིམ་རྒྱུད་དུ་སྐྱེས་པའི་གཞོན་ནུ་ལྷ་འབྲི་བ་རིན་ཆེན་རྣམ་རྒྱལ་ཀྲུང་གོའི་ཞིང་པའི་ཚོན་རྩིའི་རི་མོའི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོར་ཞུགས་རྗེས་ཐང་གའི་ཚོན་རྩིའི་རི་མོའི་བརྩམས་ཆོས་དང་པོ་གསར་རྩོམ་བྱེད་འགོ་ཚུགས། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་ཐང་ག་དང་ཚོན་རྩིའི་སྒྱུ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་དེ་གཉིས་ལོ་ངོ་སྟོང་ལས་བརྒལ་བའི་མཉམ་འདྲེས་མངོན་འགྱུར་བྱུང་ཡོད།

    དེ་རྗེས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཐང་གའི་ཚོན་རྩིའི་རི་མོའི་རིག་གནས་ཐོན་ལས་མུ་མཐུད་རྒྱ་སྟོབས་ཆེ་རུ་བཏང་ནས་ཐང་གའི་ཚོན་རྩིའི་རི་མོའི་རིག་གནས་རིན་ཐང་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་ཡུལ་དེ་གར་ཕན་འབྲས་དེ་བས་མང་བ་ཐོབ་ཡོད།

    མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཤང་ཁག་གཅིག་གི་སྨན་བཅོས་ཤེས་ལྡན་པ་དཀོན་པ་དང་དཔུང་ཁག་གི་གསོན་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཧྥུའུ་ཅན་ཞིང་ཆེན་གྱིས་མཛོ་སྒང་རྫོང་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ། རྫོང་དང་ཤང་གཞི་གཅིག་ཅན་དང་དམ་ཟབ་ཅན་གྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནོར་སྲིད་མ་དངུལ་གཏོང་སྟངས་སྒྱུར་བཅོས་བྱས་ནས་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་འགྲན་རྩོད་ལས་གནས་ལ་སྐུལ་འདེད་བཏང་བ། ལས་རྗེས་རྩིས་རྒྱག་མ་ལག་གསར་པ་ལག་བསྟར་བྱས་པས་གཞི་རིམ་སྨན་བཅོས་དཔུང་ཁག་གི“སྤྱི་ཐབ་ལ་གྲོད་ཁོག་འཚོང་བའི”སྣང་ཚུལ་མེད་པ་བཟོས་པ་དང་ཤང་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པ“བསྡུ་མི་ཐུབ་ལ་ཉར་མི་ཐུབ་པའི”དཀའ་གནད་ཀྱང་བསལ་བ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧྥུའུ་ཅན་ཞིང་ཆེན་གྱིས་ བོད་ཀྱི་རིམ་ཁག་ཏང་སྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་དུས་ཐེངས་400ལྷག་ཙམ་གྱི་མི་ཐེངས་8500ལྷག་ཙམ་ཧྥུའུ་ཅན་དུ་གསོ་སྦྱོང་བྱེད་པར་བསྐྱོད་པ་དང་། ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ལག་རྩལ་ཤེས་ལྡན་པ་མི་ཐེངས་450ལྷག་ཙམ་བོད་དུ་སློབ་ཁྲིད་བྱེད་པར་གདན་ཞུ་བྱས་པ། ས་གནས་དེ་གའི་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་6ལྷག་ཙམ་ཟིན་ཡོད། གཞན་ཡང་ཧྥུའུ་ཅན་དང་བོད་ལྗོངས(ཆབ་མདོ)ཚན་རྩལ་ཆེད་མངགས་པའི་མཉམ་སྒྲུབ་ལས་སྟེགས་ཀྱི་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་བཙུགས་ནས། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཧྥུའུ་ཅན་གྱི་འཇམ་གཤིས་རིག་སྟོབས་ཀྱི་འདེགས་སྐྱོར་བྱས་ཡོད་པ་རེད།

    དངོས་འཛིན་དངོས་སྒྲུབ་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    2016ལོའི་ཟླ་7པར་ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་སྤེལ་རྒྱུ་ཆབ་མདོར་བཀོད་སྒྲིག་བྱས་ཤིང་། ཆབ་མདོའི་ཐོན་ལས་ཀྱི་རྨང་གཞི་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མངོན་གསལ་དོད་པོ་དང་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སུ་བཏང་ནས“1+3”ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་སྟངས་ཆགས་པར་སྐུལ་འདེད་བཏང་བ་དང་ཆུང་ལ་སྤུས་ཀ་དག་པའི་ཁྱད་ལྡན་ཐོན་ལས་ཁག་གཅིག་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ“འོད་ཤུགས་ཡུག་གཅིག་དང་། ཟངས་གཏེར་ཕྱོགས་གཅིག བོད་ཕག་གཅིག ཨར་འདམ་དོ་པོ་གཅིག སྟར་སྣུམ་ཤེལ་དམ་གཅིག རྒུན་ཆང་ཤེལ་དམ་གཅིག བོད་སྤོས་གཅིག གླིང་ཁུལ་གཅིག ནགས་གླ་གཅིག སྦི་རག་ཤེལ་དམ་གཅིག”བཅས་ནང་དོན་དུ་བྱས་པའི“གྲོང་ཁྱེར་དང་རྫོང་མཉམ་འགུལ་དང་། རྫོང་གཅིག་ལ་ཐོན་རྫས་མང་བ། རྫོང་ཚང་མར་ཁྱད་ཆོས་ལྡན་པ”བཅས་ཀྱི་བོད་སྐྱོར་ཐོན་ལས་ཀྱི་བཀོད་པ་རིམ་བཞིན་ཆགས་ཡོད།

    ས་གནས་དེ་གའི་དམིགས་བསལ་གྱི་སྐྱེ་འཚར་ཁོར་ཡུག་ལ་བརྟེན་ནས་མཛོ་སྒང་གི་སྟར་ཁར་འཚོ་རྒྱུ་ཕུན་སུམ་ཚོགས་པ་དང་མ་འདང་བའི་ཚིལ་སྐྱུར་འདུས་ཚད་མཐོ་བའི་ཁྱད་ཆོས་ལྡན་ཡོད། 2022ལོར་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཞ་མོན་གྱི་གཞུང་ཁོངས་ཁེ་ལས་ནང་འདྲེན་བྱས་ནས་མཛོ་སྒང་རྫོང་གི“ཞ་མཛོའི་བརྩེ་བྱའི”སྟར་སྣུམ་རྣམ་གྲངས་ལག་བསྟར་བྱེད་པར་སྐུལ་མ་ཐེབས་པ་རེད། 2024ལོའི་ཟླ་4པའི་བར་རིམ་རྩིས་བྱས་ན་སྟར་སྣུམ་ཤེལ་དམ་ཁྲི་22.4ཕྱིར་ཚོང་བྱས་པ་དང་ས་གནས་དེ་གའི་མང་ཚོགས་145སྒོ་རྩ་ནས་ལས་ཞུགས་ཐུབ་སྟེ་མི་རེའི་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་བ་དང་། སྟར་ཁ་འཐུ་ཉོ་བྱེད་པའི་བརྒྱུད་རིམ་ནང་ཞིང་འབྲོག་མང་ཚོགས་དུད་ཚང་2000ལྷག་ཙམ་ལ་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་འཕར་བར་སྐུལ་ཁྲིད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།