ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་3ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་གནང་རྗེས། ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་3ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ནི་ངས་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཧ་སག་སི་ཐན་དུ་འཚམས་འདྲི་བྱེད་ཐེངས་ལྔ་པ་ཡིན་ལ། ཟླ་བ་དགུ་སོང་རྗེས་ང་དང་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་སླར་ཡང་ཐུག་འཕྲད་བྱས་པ་ཞིག་ཡིན། ད་གིན་ང་དང་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའི་དབར་མཛའ་བརྩེ་མཛའ་མཐུན་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་ཐུན་མོང་ཐོག་མིང་རྟགས་བཀོད་དེ། རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་མཉམ་ལས་ཀྱི་གཙོ་གནད་ཁ་ཕྱོགས་ཐུན་མོང་ཐོག་འཆར་འགོད་བྱས་པ་མ་ཟད། ད་དུང་ང་ཚོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་སྡེ་ཚན་དབར་གྱི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱེད་པར་དཔང་པོ་བྱས་པ་ཡིན། དེ་དག་དཔལ་འབྱོར་ཚོང་དོན་དང་། མཉམ་སྦྲེལ་མཉམ་མཐུད། ནུས་རྒྱུ། ཞིང་ལས། ཚན་རྩལ། མི་ཆོས་རིག་གནས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འབྲེལ་བ་ཡོད་པས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་ལོ་ངོ་སྟོང་གི་གནའ་བོའི་དར་གོས་ལམ་བུ་ནས་ཆགས་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ་32སོང་རིང་གི་གཉིས་ཕན་མཉམ་ལས་བརྒྱུད་དེ་བས་བརྟན་དུ་ཕྱིན་ནས་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོར་སླེབས་ཡོད། མི་རབས་ནས་མི་རབས་མཛའ་གྲོགས་དང་། ཚད་མཐོའི་ཕན་ཚུན་ཡིད་ཆེས། སྐྱིད་སྡུག་མཉམ་མྱོང་བཅས་ནི་ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཀྱི་གཙོ་དོན་ལ་གྱུར་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ང་ཚོར་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།
ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོ་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། དེང་རབས་ཅན་གྱི་འགྲོ་ལམ་ཐོག་གི་ལམ་རོགས་ཡིན་པ་ང་ཚོས་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་ཕར་ཕྱོགས་ཀྱི་གཙིགས་ཆེན་དང་ཡིད་རྟོན་རུང་བའི་རྒྱབ་རྟེན་བརྟན་པོ་ཞིག་བྱེད་རྒྱུ་ཡིན།
ང་ཚོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་གི་ཡིན། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལྡབ་འཕར་སྔ་ཙམ་ཡོང་བའི་དམིགས་ཚད་གསར་པ་གཏན་འཁེལ་བྱེད་པ་དང་། དཔལ་འབྱོར་ཚོང་དོན་དང་། མ་འཇོག ཐོན་ནུས། མཉམ་སྦྲེལ་མཉམ་མཐུད། ནུས་རྒྱུ་སོགས་ཀྱི་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་བྱེད་ཟབ་ཏུ་གཏོང་བའི་གྲོས་ཐག་གཅོད་པ། དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཀྱི་འཆར་འགོད་དོན་འཁྱོལ་གྱི་ལམ་རིས་ལག་ལེན་ཡག་པོ་བསྟར་བ། ཐོན་ནུས་མཉམ་ལས་རྣམ་གྲངས་དེ་བས་མང་པོར་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ། ལི་ཧའེ་རྒྱ་མཚོ་སྒྲོལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་དང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་གསུམ་པ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ཡོད། ད་དུང་ཕྱོགས་གཉིས་པོས་འགག་རྩའི་གཏེར་ཁ་དང་། ནུས་རྒྱུ་གསར་པ། ཚན་རྩལ་གསར་གཏོད། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་འཕར་གཞི་གསར་པ་ཐུན་མོང་ཐོག་སྐྱེད་སྲིང་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་རམ་འདེགས་བྱེད་རྒྱུ་ཡིན།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་འབོ་གསེར་མཉམ་ལས་ལམ་སྲོལ་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་གར་སྟེགས་ཐོག“འབྲིང་རིམ་རྒྱལ་ཁབ་སྟོབས་ཆེན”གྱི་ནུས་པ་བཏོན་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོ་ནི་ཧྲང་ཧྲའེ་མཉམ་ལས་རྩ་འཛུགས་གསར་གཏོད་བྱེད་མཁན་ཁོངས་མིའི་རྒྱལ་ཁབ་ཡིན་པ་དང་། ཧ་སག་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་སི་ཐ་ནའི་དབུ་ཚོགས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད།
ཐོ་ཁཱ་ཡེ་ཧྥུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་དམིགས་བསལ་གྱི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པས། ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འགོ་འཛུགས་ས་གསར་པ་ཞིག་རེད། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་གྲོགས་ཁྱིམ་མཚེས་དང་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་ཡིན། ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ལ་བརྟེན་པ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་དབར་ཐག་མ་ཆོད་པའི་གནད་དོན་གང་ཡང་མེད། ལོ་རྒྱུས་ཐོག་ཀྲུང་གོས་ཧ་སག་སི་ཐན་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏན་ནས་བཏང་མྱོང་མེད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྲ་བརྟན་འགྱུར་མེད་དང་མི་རབས་མང་པོ་རྒྱུན་འཛིན་ཐུབ་ཡོད། ཀྲུང་གོ་ནི་ཧ་སག་སི་ཐན་ཕྱོགས་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་མ་འཇོག་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ཁེ་ལས་ཀྱིས་ཧ་སག་སི་ཐན་དུ་མ་འཇོག་དང་མཉམ་ལས་བྱས་པ་བརྒྱུད་ཧ་སག་སི་ཐན་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་མཛའ་གྲོགས་གཉིས་ཕན་མཉམ་ལས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བར་གཞོལ་རྒྱུ་ཡིན། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧ་སག་སི་ཐན་དུ་མ་འཇོག་བྱེད་པར་ཡོང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ལ་དགོས་ངེས་ཀྱི་མཐུན་རྐྱེན་མཐའ་དག་མཁོ་འདོན་བྱེད་རྒྱུ་ཡིན།