དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོའི་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲལ་གྲོན་ཞབས་ཞུ་ལེགས་སུ་བཏང་སྟེ།

    སྐྱེ་ཁམས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-04

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པས་བཏུང་བྱའི་བཟོ་སྐྲུན་ལས་རིགས་དང་ཆུའི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་སོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ཆབ་མདོའི་ཁྲལ་དོན་སྡེ་ཚན་གྱིས་ཆུའི་ཐོན་ཁུངས་དང་ཆུ་བཅོས་སྐྱོང་སོགས་ཐོན་ལས་གཉེར་སྐྱོང་བྱེད་པོའི་ཁྲལ་བསྡུ་དང་འབྲེལ་བ་ཡོད་པའི་དགོས་མཁོར་དམིགས་ནས“དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”གཏིང་ཟབ་སྤེལ་ཏེ། ཁྲལ་བསྡུའི་གཟིགས་སྐྱོང་ཞབས་ཞུ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལ་བརྟེན་ནས་ཆུའི་ཐོན་ཁུངས་ཀྱི་ཁེ་ལས་འཕེལ་རྒྱས་ལ་འབྱུང་རྩ་ནས་ཕན་པ་ཐོབ་པར་བྱས་པ་རེད།

    ཁྲལ་དོན་སྟོབས་ཤུགས་ཀྱིས“ཆུ་བཅོས་སྐྱོང”ལ་རམ་འདེགས་བྱས་པ།

    ཉེ་བའི་ལོ་ཤས་རིང་། ལྗང་མདོག་ཁྲལ་བསྡུའི་ལམ་ལུགས་ཀྱི“ཁུར་པོ་ཡང་གཏོང”གི་ཕན་འབྲས་འོག“ལྗང་མདོག”འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་མཁན་ཁེ་ལས་མང་དུ་འགྲོ་བཞིན་ཡོད་ཅིང་། ཤིན་ཧྲེང་ཆུ་དོན་མ་འཇོག་ཚད་ཡོད་ཀུང་སི་ཡང་དེའི་གྲས་ཤིག་རེད།

    རྫ་ཆུའི་ངོགས་སུ་ཡོད་པའི་ཆབ་མདོ་གྲོང་ཁྱེར་ཤིན་ཧྲེང་ཆུ་དོན་མ་འཇོག་ཚད་ཡོད་ཀུང་སིའི་ལྟེ་བའི་ཚོད་འཛིན་ཁང་གི་འཆར་ཤེལ་ཆེན་པོ་ཞིག་ནས་ཀུང་སིས་གཉེར་སྐྱོང་བྱེད་པའི་ཆབ་མདོ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་གཙང་སེལ་མདོང་ལམ་ཡོངས་སུ་མཐོང་ཐུབ།

    ཁེ་ལས་ཀྱི་ལག་རྩལ་སྒྱུར་བཅོས་དང་ནུས་པ་ཆེ་རུ་གཏོང་བ་དང་ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་སྲུང་སྐྱོང་བྱེད་པའི་ལམ་བུར་ཁྲལ་དོན་སྡེ་ཚན་ནི་དཔང་པོ་ཞིག་ཡིན་ལ་དེའི་ནང་ཞུགས་མཁན་ཞིག་དེ་བས་ཀྱང་རེད། ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་དང་ཐོན་ཁུངས་ཀྱི་དཔྱ་ཁྲལ་སོགས“ལྗང་མདོག”ཁྲལ་བསྡུའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། བཙོག་ཆུ་གཙང་གསིང་ཁེ་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ནས་ཁེ་ལས་ལ“དམིགས་བསལ་ཅན”དང“བརྒྱུད་རིམ་ཧྲིལ་པོའི”གནད་དོན་ཐག་གཅོད་བྱེད་རོགས་བྱས་པའི་ཁར། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ཏེ་དུས་ཐོག་ཏུ་ཁེ་ལས་ལ་དཀའ་ངལ་སེལ་རོགས་དང་སྟོབས་ཤུགས་དང་ནུས་པ་སྦྱིན་ནས་ཆབ་མདོའི“རི་སྔོན་ཆུ་དྭངས”ཀྱི་ལེའུ་གསར་པ་རྩོམ་པར་རམ་འདེགས་ཧུར་ཐག་བྱས་ཡོད།

    ཆབ་མདོ་གྲོང་ཁྱེར་ཤིན་ཧྲེང་ཆུ་དོན་མ་འཇོག་ཚད་ཡོད་ཀུང་སིའི་ནོར་དོན་གྱི་འགན་འཁུར་བ་སུང་ཅན་གོ་ཡིས། ཉེ་བའི་ལོ་གསུམ་རིང་། ཀུང་སིས་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་སྲིད་ཇུས་ལོངས་སུ་སྤྱད་པ་ལས་སྒོར་ཁྲི་180ལྷག་ཙམ་ཆག་ཡང་དང་རྩ་ཆག་བྱུང་བ་དང་། ཁྲལ་བསྡུའི་གཟིགས་སྐྱོང་ལས་གྲོན་ཆུང་ཐུབ་པའི་མ་དངུལ་ཚང་མ་བཙོག་ཆུ་གཙང་གསིང་སྒྲིག་ཆས་ཀྱི་རྒྱུན་གཏན་བདག་སྐྱོང་དང་རིམ་སྤོར་སྒྱུར་བཀོད་ཐད་སྤྱད་ནས་ཁེ་ལས་ལ་བཙོག་ཆུ་གཙང་གསིང་གི་ནུས་པ་དང་ཆུའི་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཀྱི་ལས་ཕྱོད་ཆེད་གཏོང་ལ་རོགས་རམ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་ཁེ་ལས་ཀྱི་སེམས་ཤུགས་སྔར་བས་འཕེལ་བར་བྱས་ཡོད།

    ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱིས“འཐུང་ཆུའི་ཐོན་རྫས”ལ་རམ་འདེཊ་བྱས་པ།

    འཇོ་མདའ་རྫོང་གི་ས་བབ་མཐོ་ཚད་སྨི་4500ཡོད་པའི་རི་འདབས་སུ་མཐའ་བཞི་རི་བོས་བསྐོར་ཞིང་ཡུལ་ལྗོངས་ལྟ་བས་མི་ངོམ་པའི་དེང་རབས་ཅན་གྱི་ཆུ་བཟོ་གྲྭ་སྟེ། དྭངས་གཙང་རང་བྱུང་འཐུང་ཆུའི་བཟོ་གྲྭ་གནས་ཡོད་ཅིང་། བཟོ་གྲྭ་དེས་ཐོན་སྐྱེད་བྱས་པའི“གངས་ཆབ་བྲག་ཆུ”ཞེས་པའི་འཐུང་ཆུ་དེ་ཆུ་སྤུས་དག་ལ་བྲོ་བ་ཞིམ་པ། དེ་ནི་གངས་ལྗོངས་ས་མཐོའི་འཁྱགས་རོམ་བཞུར་བའི་རང་བྱུང་གི་ཆུ་སྤུས་ལེགས་རེད།

    “བཟོ་གྲྭ་ཐོག་མར་བཙུགས་སྐབས་ང་ཚོའི་ནོར་དོན་སྒྲིག་སྲོལ་ལམ་ལུགས་ཚང་མ་འཐུས་སྒོ་ཚང་པོ་མེད། ཁྲལ་དོན་སྡེ་ཚན་གྱིས་གནད་དོན་དེ་ཤེས་རྗེས་དུས་ཐོག་ཏུ་ང་ཚོར་ཟུར་ཁྲིད་བྱས་ནས་ནོར་དོན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཁར། ཁྲལ་གྲོན་རེ་ཞུ་དང་གློག་རྡུལ་ཁྲལ་དོན་ཅུས་བཀོལ་སྤྱོད་བྱེད་སྟངས་སོགས་ཀྱང་བསླབས་པས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང”ཞེས་དྭངས་གཙང་རང་བྱུང་འཐུང་ཆུ་བཟོ་གྲྭའི་འགན་འཁུར་བ་ཝུའུ་ཡ་ཧྥེས་བཤད་པ་དང་། ཁོང་གིས། ཁྲལ་དོན་སྡེ་ཚན་གྱིས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་མང་པོ་བྱས་བྱུང་ཞེས་བཤད།

    ད་ལོ་ཚུན་དུ། དྭངས་གཙང་རང་བྱུང་འཐུང་ཆུའི་བཟོ་གྲྭས་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་ཁོངས་ཀྱི་བརྒྱུད་ཚོང་པ་12འཕེལ་རྒྱས་བཏང་ཞིང་། ཆབ་མདོ་གྲོང་ཁུལ་དང་འཇོ་མདའ་རྫོང་སོགས་ཀྱི་ཁྲོམ་རར་འཐུང་ཆུ་དེ་རིགས་ཁྱབ་ཚད་90%ལས་བརྒལ་ནས་ལྗོངས་ནང་ཁུལ་གྱི་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་71.23ཟིན་པ་དང་། ཐད་གཏོང་བྱས་པ་བརྒྱུད་འཐུང་ཆུ་འགྱིག་དམ་3052བཙོངས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་15.67ཟིན་པ། རྒྱལ་ཡོངས་སུ་ཞིང་ཆེན་རིམ་པའི་ཕྱིར་ཚོང་ས་ཁོངས་ཁྱབ་ཚད་82%ཟིན་པ་དང་ལྗོངས་ཕྱིའི་དངོས་གཞིའི་ཚོང་ཁང་གི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་27.82ཟིན་ཡོད་པ་རེད།

    ཁྲལ་གྲོན་ཞབས་ཞུས“ཆུ་ཚན་ལུས་གསོར”རྒྱབ་སྐྱོར་བྱས་པ།

    ཆབ་མདོ་ནི་འཕྲེད་བཅད་རི་རྒྱུད་དུ་གནས་ཤིང་། ཐུན་མོང་མ་ཡིན་པའི་ས་གཤིས་ཆ་རྐྱེན་ལས་ས་མཐོའི་ཡུལ་ལུང་གང་སར་སྐར་ཚོགས་ས་ལ་འཕོས་པ་ལྟར་ཕན་ནུས་ཁྱད་དུ་འཕགས་པའི་ཆུ་ཚན་བཏམས་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཆབ་མདོའི་ས་ཁོངས་སུ་ཆུ་ཚན་ཐོན་ཁུངས་200ལྷག་ཙམ་ཡོད་པའི་ནང་སྨར་ཁམས་ཀྱི་ཆུ་ཚན་ཁ་དང་། མཛོ་སྒང་གི་སྨད་ཡུལ་ཆུ་ཚན། བྲག་གཡབ་ཀྱི་སྒྲོལ་མ་ཆུ་ཚན། རི་བོ་ཆེའི་གཡས་རུ་ཆུ་ཚན་སོགས་སྐད་གྲགས་ཆེ་ཤོས་ཀྱི་གྲས་རེད།

    ལོ་དེ་དག་ནང་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ཆུ་ཚན་ལུས་གསོ་གསར་སྤེལ་ཡང་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད།

    “ཆུ་ཚན་ལུས་གསོ”ཁེ་ལས་ལ་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱོད་རྒྱུ་ཡོང་བར་རོགས་རམ་བྱ་ཆེད། ཆབ་མདོའི་ཁྲལ་དོན་སྡེ་ཚན་གྱིས་ཡུལ་སྐོར་ཁེ་ལས་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་བབ་བསྟུན་སྣེ་ཁྲིད་ཀྱིས“ཁེར་རྐྱང་ཆུང་གྲས”གཉེར་སྐྱོང་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པའི་ཐད་མུ་མཐུད་ཤུགས་བརྒྱབ་སྟེ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གསེད་བཀྲོལ་བྱས་པ་བརྒྱུད“སྲིད་ཇུས་སྒོ་རྩར་དྲིལ་བསྒྲགས”བྱས་ནས་ཁྲལ་གྲོན་སྲིད་ཇུས་དྲིལ་བསྒྲགས་དང་ཟུར་ཁྲིད་བྱས་པ་མ་ཟད། “གཙང་གསུམ་རིག་ལྡན་ཁྲལ་བསྡུའི”དྲ་མིག་ཅན་གྱི་དོ་དམ་ལས་སྟེགས་དང་བསྡུ་འཇལ་མཉམ་འགུལ་ལས་སྟེགས་བརྒྱུད་ཁྲལ་འཇལ་བར་སྲིད་ཇུས་གླེང་ནས་དཀའ་གནད་བསལ་ཏེ། ལུས་གསོའི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

    སྐྱེ་ཁམས་ཀྱི་ལེགས་ཆ་ནི་འཕེལ་རྒྱས་ཀྱི་ལེགས་ཆ་ཡིན་པས། སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་རེད། ཆབ་མདོའི་ཁྲལ་དོན་སྡེ་ཚན་གྱིས་ལྗང་མདོག་ཁྲལ་བསྡུའི་དཔལ་འབྱོར་ལ་རྒྱུན་མཐུད་དོ་ཁུར་བྱས་ནས་ལྗང་མདོག་ཁྲལ་བསྡུའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་དང་། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་བསྲི་ཚགས། སྦགས་བཙོག་འགོག་བཅོས་སོགས་ཐད་ཀྱི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ཁྲོད་ཀྱི་ཁྲལ་བསྡུའི་འདེགས་སྐྱོར་ནུས་པ་སྔར་བས་འདོན་པ། ཁྲལ་བསྡུར་བརྟེན་ནས་བཙོག་འབུད་ཉུང་གཏོང་དང་། ཁྲལ་བསྡུར་བརྟེན་ནས་སྦགས་བཙོག་བཅོས་སྒྲིག ཁྲལ་བསྡུར་བརྟེན་ནས་ནུས་རྒྱུ་བསྲི་ཚགས། ཁྲལ་བསྡུར་བརྟེན་ནས་ཆུ་རྩ་སྲུང་སྐྱོང་བཅས་ཀྱི་ཕྱོགས་བསྡུས་ལས་དོན་ཡག་པོ་བསྒྲུབས་ཏེ། “ཆུ”ལ་བརྟེན་ནས་ཁེ་ལས་དར་རྒྱས་ཡོང་བ་དང“ལྗང་མདོག”ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ནས་ཐུན་མོང་ཐོག་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཀྱི་བཀྲག་མདངས་འཚེར་བར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།