ཀྲུང་གོ་དང་ཨིར་ལན་གྱི་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས།
འདི་ལོའི་ཟླ་6ཚེས་22ཉིན་ནི་ཀྲུང་གོ་དང་ཨིར་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་དྲན་གསོའི་ཉིན་མོ་རེད། ལོ་45ཡི་རིང་། ཀྲུང་གོ་དང་ཨིར་ལན་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨིར་ལན་གྱི་ཙུང་ཐུང་ཤིས་ཅིན་སིའི་འཐབ་ཇུས་ཁྲིད་སྟོན་འོག་ཀྲུང་གོ་དང་ཨིར་ལན་གྱི་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་གནས་དྲང་གནས་ཀྱི་ཁེ་ཕན་བསྐྲུན་ཡོད།
ཀྲུང་གོ་དང་ཨིར་ལན་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཕན་ཚུན་གྱི་འཕེལ་རྒྱས་ལམ་བུར་བསམ་ཤེས་དང་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཡོད། 2012ལོར་ཀྲུང་གོ་དང་ཨིར་ལན་གྱིས་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་དང་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་ཕྱི་འབྲེལ་པུའི་ཆབ་སྲིད་གྲོས་མོལ་དང་། དཔལ་འབྱོར་ཚོང་དོན་ཚན་རྩལ་མཉམ་འདྲེས་ཨུ་ལྷན། ཚན་རྩལ་གསར་གཏོད་མཉམ་ལས་མཉམ་འབྲེལ་ཨུ་ལྷན། སློབ་གསོ་མཉམ་འབྲེལ་ལས་དོན་ཚོགས་ཆུང་སོགས་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་མང་པོ་ཞིག་བཟོས་ཡོད། ཀྲུང་གོ་དང་ཨིར་ལན་གྱི་འབྲེལ་བ་དེ་རྒྱལ་ཁབ་མི་འདྲ་བ་དང་། རིག་གནས་མི་འདྲ་བ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་གནས་ཀྱི་དཔེ་མཚོན་དུ་གྱུར་ཡོད།
ཀྲུང་གོ་དང་ཨིར་ལན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་ཅིང་། 1980ལོར་ཀྲུང་གོའི་སྐུ་ཚབ་ཚོགས་པ་འཛམ་གླིང་གི་དཔལ་འབྱོར་གསར་སྤེལ་ཁུལ་སྔ་ཤོས་ཀྱི་གྲས་ཤིག་ཡིན་པའི་ཨིར་ལན་གྱི་ཤང་ནུང་གསར་སྤེལ་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་ནས་རྒྱལ་ཁབ་གཉིས་པོའི་འགྲོ་འོང་ལོ་རྒྱུས་ཐོག་གི་གཏམ་རྒྱུད་ཡག་པོ་ཞིག་བརྩམས་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨིར་ལན་ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་འཕེལ་ཤུགས་ཆེན་པོ་ཡོད་པ་དང་མིག་སྔར་ཨིར་ལན་ནི་ཡོ་རོབ་མནའ་འབྲེལ་དུ་ཡོད་པའི་ཀྲུང་གོའི་ཚོང་དོན་རོགས་ཟླ་གཙོ་བོའི་གྲས་ཤིག་དང་། ཀྲུང་གོ་ནི་ཨིར་ལན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་དྲུག་པ་དང་། འཕར་མགྱོགས་ཤོས་ཀྱི་ཁྲོམ་ར་གཙོ་བོ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་བཅས་རེད། 2023ལོར་ཀྲུང་གོ་དང་ཨིར་ལན་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་217.6ཟིན་པ་དེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འཛུགས་སྐབས་ཀྱི་ལྡབ་4200ལྷག་ཙམ་རེད། ཨིར་ལན་ཕྱོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀྲུང་གོས་ཨིར་ལན་ལ་ཐད་ཀར་མ་འཇོག་བྱས་པའི་དངུལ་འབོར་ཡོ་སྒོར་དུང་ཕྱུར་93.7ཟིན་ཡོད་པ་རེད།
ཀྲུང་གོ་དང་ཨིར་ལན་གྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ཡག་པོ་རྒྱུན་འཁྱོངས་བྱེད་ཅིང་། ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ། རང་མོས་ཚོང་དོན་དར་སྤེལ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་གནད་དོན་ཐད་ལངས་ཕྱོགས་གཅིག་མཚུངས་སམ་འདྲ་མཚུངས་འཛིན་གྱི་ཡོད། རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞི་དང་མཐུན་སྦྱོར་དམ་ཟབ་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་སྟེ་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཀྲུང་གོ་དང་ཨིར་ལན་གཉིས་ཀྱི་འཕེལ་རྒྱས་འདུ་ཤེས་འདྲ་མཚུངས་དང་། ཁེ་ཕན་མཐུན་པ། ལེགས་ཆ་གསབ་རེས་མངོན་གསལ་དོད་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་དང་མདུན་ལམ་ཧ་ཅང་ཆེན་པོ་ལྡན་པ་བཅས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོས་ཨིར་ལན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་པ། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཨིར་ལན་གྱི་གཉིས་ཁེའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བའི་ལེའུ་གསར་པ་མུ་མཐུད་རྩོམ་འདོད་ཡོད་པ་རེད།
(རྩོམ་པ་པོ་ནི་ཨིར་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)