དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-03

    ཉེ་དུས་ནི་ཁུ་ཁུ་ཤིས་རིའི་ཆེས་མཛེས་ཤོས་ཀྱི་དུས་ཚིགས་ཏེ་གཙོད་གནས་སྤོ་དང་གཙོད་ཕྲུག་བཙའ་བའི་ནམ་དུས་ཤིག་རེད། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་གི་ཁུ་ཁུ་ཤིས་རིའི་སྨུག་པ་ལ་ས་ཁུལ་གྱི་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3001དང་3002ཀྱི་རྒྱུད་ནི་གཙོད་གནས་སྤོ་བྱེད་སའི་བགྲོད་ལམ་གལ་ཆེན་ཞིག་རེད།

    “མང་ཤོས་སྐབས་ཉིན་གཅིག་ལ་གཙོད་མོ་800ལྷག་ཙམ་གྱིས་མཚོ་བོད་གཞུང་ལམ་སྒྲོལ་གྱི་ཡོད”ཅེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོ་གླིང་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་སྐར་མ་ཡར་འཕེལ་གྱིས་བཤད་པ་དང་། ཁོང་གིས། རི་སྐོར་རྒྱག་མཁན་རུ་མི་ཚོས་གཞུང་ལམ་རྒྱུད་དུ་སྐོར་གཡེང་ཡང་སེ་རྒྱག་གི་ཡོད། ཁོ་ཚོས་གཙོད་ཁྱུ་གཞུང་ལམ་འགྲམ་དུ་སླེབས་མཚམས་སུ་ལམ་སེང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་བཀག་ནས་གཙོད་ཁྱུ་གཞུང་ལམ་བསྒྲལ་རྗེས་གཞི་ནས་གློད་ཀྱི་ཡོད་ཅེས་བཤད།

    གཙོད་ལ“ས་མཐོའི་གཅེས་ནོར”ཞེས་འབོད་ཅིང་། མཚོ་བོད་ས་མཐོར་མ་གཏོགས་མེད་པ་དང་མཐོང་དཀོན་པའི་སྲོག་ཆགས་ཤིག་རེད། དུས་རབས་20པའི་ལོ་རབས་80པར་སྨྱོ་ཧམ་ཆེན་པོས་གཙོད་རྐུ་རྔོན་བརྒྱབ་པའི་དབང་གིས་སྐབས་ཤིག་རིང་སྟོངས་ཉེར་གྱུར་མོད། འོན་ཀྱང་ད་ཆ“སྟོངས་ཉེར་ཡོད་པའི་སྲོག་ཆགས་རིགས”ཀྱི་མིང་གྲལ་ནས་ཕུད་ཟིན། གཙོད་སྲུང་སྐྱོང་གི་གཏམ་རྒྱུད་དེ་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སྐྱེ་ཁམས་ལེགས་སུ་བརྟན་པོ་ཕྱིན་པའི་བསྡུས་རིས་ཤིག་རེད།

    རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་བཙུགས་པའི་བར་དང་། དེ་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོའི་སྒྲིག་སྲོལ་ཚོད་ལྟ་བྱེད་པའི་བར་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དེ་ཐོག་ནས་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པའི་བརྒྱུད་རིམ་མཚོན་ཡོད།

    2021ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་འཚོལ་ཞིབ་དང་འཛུགས་སྐྱོང་བྱས་པ་དང་ཆབས་ཅིག་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་དོ་དམ་སྲུང་སྐྱོང་གི་རྩ་དོན་གཞིར་བཟུང་། སྒྲིག་སྲོལ་ཚོད་ལྟའི་ཁྱབ་ཁོངས་ནང་གི་རིགས་6ཡོད་པའི་སྲུང་སྐྱོང་ས་ཁུལ་15ཡི་མི་ཐབས་ཁག་བགོས་དང་། རང་ཁོངས་རང་བཙན། ཁུལ་ཁོངས་དོ་དམ། ཕན་ཚུན་མཉམ་འདྲེས་མི་བྱེད་པ་བཅས་ཀྱི་སྒྲིག་སྲོལ་གྱི་སྐྱོན་ཆར་དམིགས་ཏེ་ནུས་པ་བསྐྱར་སྒྲིག་དང་ཚན་སྡེབ་ལེགས་སྒྲིག་བྱས་ནས“འབྲུག་དགུ་ཆུ་བཅོས”ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། རྒྱལ་ཁབ་སྤྱི་གླིང་གི“བྱེད་ཐབས་གཅིག་གིས་དོ་དམ་མཐར་ཕྱིན་བྱེད་པའི”ལོ་རྒྱུས་རང་བཞིན་གྱི་གསར་སྒྱུར་ལེགས་གྲུབ་བྱུང་ཡོད།

    མིག་སྔར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་འབྲོག་པ་17211སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་གྱུར་ཏེ། རྩྭ་ཐང་དོ་དམ་སྲུང་སྐྱོང་དང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། གནམ་གཤིས་ལྟ་སྐུལ་ཚད་ལེན་སོགས་ཀྱི་ལས་ལ་གཞོལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་སྲོག་ཆགས་ཁྲི་སྟོང་མང་པོ་སྲུང་སྐྱོང་བྱེད་བཞིན་ཡོད།

    མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་ཟླ་12པར་ཁྱབ་བསྒྲགས་བྱས་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པའི་ཕན་འབྲས་དང་བཀྲག་མདངས་འཚེར་སའི་སྤྱི་བསྒྲགས་ལས་མངོན་པར། རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་ནས་བཟུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་ལོ་རེ་བཞིན་མང་དུ་ཕྱིན་པ་དང་། སྔོ་ཁེབས་ཁྱབ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ། སྐྱེ་དངོས་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། གཙོད་ཁྲི་7ལྷག་ཙམ་བར་སླར་གསོ་ཐུབ་ཡོད་པ་བཅས་རེད།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།