དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་མང་སྤྱད་ནས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-03

    འདི་ནི“ང་མེ་ཏོག་ལ་དགའ། ངས་མཐའ་མཚམས་སྲུང”ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་ཤང་མཁར་སྒང་གྲོང་ཚོའི་ཏང་ཡོན་ཚོས་ཏང་དར་གྱི་མདུན་དུ་པར་རྒྱག་བཞིན་པ།

     “བདུན་གཅིག”གི་མཚམས་འདིར། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཏང་དབུ་བརྙེས་ནས་ལོ་103འཁོར་བར་བསུ་བ་ཞུས་པ་རེད།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་ཆེད། ཚེས་28ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་རྟེན་འབྲེལ་གྱི་མཉམ་སྤྲོའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་མཉམ་སྤྲོའི་ཚོགས་འདུར་ཞུགས་པ་རེད། མཉམ་སྤྲོའི་ཚོགས་འདུར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོས་གླུ་གཞས་དང་། ཞབས་བྲོ། གྱེར་འདོན། ཡིག་གཟུགས་སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུས་པ་རེད། ད་ཐེངས་ཀྱི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་བརྒྱུད། ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་མ་ཟད། ཡར་རྒྱས་ཧུར་ལེན་གྱི་ཉམས་འགྱུར་བཟང་པོ་ཡང་མངོན་ཡོད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བར་སྣང་ཆེན་བྱེད། ངས་ཏང་དར་ལ་བཀྲག་མདངས་བསྣན་པར་འབད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ཏང་ཡོན་གྱི་འཐུས་མིས་མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་རྗེས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཏང་ཨུད་ཚན་ཁག་གི་ཁོངས་མི་དང་། ཏང་ཀྲི་པུའུ་ཁག་གི་ཧྲུའུ་ཅི། མི་དམངས(ལས་རོགས)ཉེན་རྟོག་པའི་ཏང་ཡོན་གྱི་འཐུས་མི་བཅས་ཀྱིས་ལམ་མདོ་ཁག་ཏུ་བསྐྱོད་དེ་འགྲིམ་འགྲུལ་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་དང་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་དར་རྒྱས་གླིང་གྲོང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང“བདུན་གཅིག”གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། ཞིང་འབྲོག་པ་ཏང་ཡོན་གྱིས་དང་བླངས་པའི་སྟོད་གོས་དམར་པོ་གྱོན་པ་དང་རྩྭ་ཕད་ཁྱེར་ནས་གྲོང་ཚོའི་གཞུང་ལམ་དང་གྲོང་ཚོའི་ཨུ་ལྷན་གྱི་མཐའ་འཁོར་དུ་གད་སྙིགས་གཙང་སེལ་གྱི“ཏང་ཡོན་དང་བླངས་ཞབས་ཞུའི”བྱེད་སྒོ་ནན་ཏན་ངང་སྤེལ་བ་རེད། དེ་རྗེས་ཏང་ཡོན་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་གྲོང་ཚོ་ཨུ་ལྷན་གྱི་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས་ནས། ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་གིས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་སྐོང་འཁྲབ་དང“ཡར་སྟོད་པ་ཡག་ཤོས”ཀྱི་དཔྱད་འདེམས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ《མཛེས་སྡུག་ལྡན་པའི་ཕ་ཡུལ》དང་། 《ཏང་གི་སྲིད་ཇུས་བཟང་པོ》 《བརྩེ་བ་ཟབ་མོས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ》སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་ལ་བརྟེན་ནས་ཡར་སྟོད་ཤང་གི་རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་གང་ལེགས་མཚོན་པར་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“ཉེན་རྟོག་པའི་བློ་ཁ་ཏང་ལ་ཕྱོགས་ནས‘བདུན་གཅིག’བསུ། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བར། གཙོ་བོ་ཐག་པ་འཐེན་པ་དང་། འགྱིག་སྒོར་གཡོག་པ། རྒྱུག་ཤར་གློད་པ། ལྒང་ཕུག་ཁུར་ནས་རྒྱུག་པ་སོགས་ཚུད་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས། རྒྱུན་སྲིང་ལྷོད་མེད་ངང་ཏང་བཙུགས་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཉེན་རྟོག་པའི་ལྷག་བསམ་རྣམ་དག་གི་བླ་སྲོག་མཐའ་གཅིག་ཏུ་བརྟན་དུ་གཏོང་བ། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་དང་། དེ་བས་དྲག་པའི་འགན་འཁྲི་འཁུར་སེམས། དེ་བས་ངར་བའི་འབད་འབུངས་ཀྱི་སྙིང་སྟོབས། དེ་བས་བདེ་ཞིང་ཐང་བའི་ལུས་སྟོབས་བཅས་ཀྱི་ཐོག་ནས་སྤྱི་བདེའི་བྱ་གཞག་ནང་ཞུགས་ཏེ། ཉིང་ཁྲིའི་སྤྱི་བདེའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་ཡིས་ཏང་ཡོན་སྒྲིག་འཛུགས་བྱས་ནས། “བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། མཛོ་སྒང་རྫོང་གི་ཏང་གི་ལོ་རྒྱུས(ས་གནས་ཀྱི་ལོ་རྒྱུས)བཤམས་སྟོན་ཁང་དུ་ལྟ་སྐོར་དུ་བསྐྱོད་ནས་མཛོ་སྒང་རྫོང་གི་གཞི་རྩའི་གནས་ཚུལ་དང་། འཕེལ་རྒྱས་ཀྱི་ལོ་རྒྱུས། གསར་རྙིང་བསྡུར་བ་སོགས་ལ་རྒྱུས་ལོན་ནན་ཏན་བྱས་པ་དང་། ཕྱོགས་བཞི་བཀྲ་ཤིས་གྲོང་གསར་དུ་བསྐྱོད་དེ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་དང་ཞིང་འབྲོག་པའི་ཏང་ཡོན་10ལ་འཚམས་འདྲི་དང་འཚོ་བའི་དངོས་ཟོག་སྤྲད་པ་རེད།

    ནག་ཆུ་གྲོང་ཁྱེར་གྱི་ཚན་པ་ཁག་དང་རྫོང་དང་ཆུས་ཁག་གིས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་ནང་དོན་ཕུན་སུམ་ཚོགས་པའི“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་སྤེལ་ཞིང་། འགྲན་ཞུགས་པ་བདུན་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། ཚང་མས་མཐུན་སྒྲིལ་གྱི་དཔེ་བཟང་བ་བརྩོན་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། བབ་ཆགས་པའི་སྐད་ཆའི་ཐོག་ནས་དོན་དངོས་དང་མྱོང་ཚོར་གླེང་སྟེ། ཏང་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་ཏང་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱས་པ་རེད།

    མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གིས“ཏང་ལ་བསྟོད་གླུ་འབུལ། རྒྱང་ལམ་གསར་པར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་གླུ་གཞས་འགྲན་བསྡུར་བྱེད་སྒོ་གཉེར་བ་རེད། འགྲན་བསྡུར་ལ་ཞུགས་མཁན་ཚོས་ཏང་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་བ་དང་ཕ་ཡུལ་ལ་བསྟོད་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། བརྩེ་བ་ཟབ་མོ་དང་སྤྲོ་སེམས་རབ་ཏུ་འཕེལ་བའི་གླུ་གཞས་རེ་རེ་སྙན་པོའི་དབྱངས་ལ་དྲངས་ནས་འཕེལ་རྒྱས་གསར་པར་བསྔགས་པ་དང་གྲུབ་འབྲས་གསར་པ་ངོམས་པས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།