དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཏང་དར་རི་བོའི”འདབས་ཀྱི་བློ་དཀར་སེམས་དཀར་གྱི་དཔོན་དམག་ཚོ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-02

    པར་འདི་ནི་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་པང་ཁུར་མཐའ་སྲུང་ལེན་ཤོག་ཆུ་བདེ་གྱེན་ཁ་ལ་སོ་ལྟ་ཁང་གི་སྐོར་གཡེང་དཔོན་དམག་ཚོས་ས་བབ་མཐོ་ཚད་སྨི་5700ཟིན་པའི་སྐོར་གཡེང་ས་ཚིགས་སུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གི་བྱེད་སྒོ་སྤེལ་བཞིན་པ།

    དབྱར་ཁར་བོད་ལྗོངས་མངའ་རིས་སུ་ནམ་མཁའ་སྔོ་ཞིང་གཡའ་དག་པ་དང་། རི་བོ་མཐོན་པོའི་སྟེང་དམར་མདངས་བཀྲ་བའི་ཏང་དར་ལྷབ་ལྷུབ་ཏུ་གཡོ།

    ཏང་དར་འོག་མཐའ་སྲུང་དཔོན་དམག་ཚོས་གྲལ་འགྲིག་པོས་དམ་བཅའི་ཚིག་བསྒྲགས་པ་རེད།

    “ཏང་དང་མི་དམངས་ཐུགས་བློ་བདེ་པོ་གནང་རོགས། ང་ཚོས་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བཞག་ཡོད་པས་མངའ་ཁོངས་ཆུང་དུ་གཏན་ནས་འགྲོ་མི་སྲིད་ལ་བདག་དབང་ཡང་ཤོར་མི་སྲིད”

    ཉེ་དུས་གསར་འགོད་པས་མཐའ་སྲུང་དཔོན་དམག་དང་མཉམ་དུ་ས་བབ་མཐོ་ཚད་སྨི་5100ཟིན་པའི་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་པང་ཁུར་མཐའ་སྲུང་ལེན་ཤོག་ཆུ་བདེ་གྱེན་ཁ་ལ་སོ་ལྟ་ཁང་དུ་བསྐྱོད་ནས“ཏང་དར་རི་བོའི”འདབས་སུ་དམ་བཅའ་འཇོག་པའི་དམིགས་བསལ་གྱི་མཛད་སྒོར་དངོས་སུ་ཞུགས་པ་ཡིན།

    ལེན་ཤོག་ནས་ཐོན་ཏེ་རླངས་འཁོར་རི་ལམ་ཀྱག་ཀྱོག་བརྒྱུད་སྐྱོད་སྐབས་ཐག་རིང་ས་ནས་ཏང་དར་བྲིས་པའི་བྲག་རྡོ་ཞིག་རི་རྩེར་འགྱིང་ངེར་གནས་པ་མཐོང་ཐུབ།

    དེའི་མདུན་དུ་འབྱོར་སྐབས་བྲག་རྡོའི་མཐོ་ཚད་ལ་སྨི་3ལྷག་ཙམ་ཡོད་པ་དང་། ཟུར་གཅིག་རི་འདབས་སུ་བརྐྱངས་པ་དེ་ལྷབ་ལྷུབ་ཏུ་གཡོ་བའི་དར་ཆ་ཞིག་ལྟར་སྣང་། དེའི་སྟེང་དུ་ད་དུང་ཟོར་བ་དང་ཐོ་བ་བྲིས་པ་དང་། གཞོགས་གཅིག་ཏུ་བཀྲག་རྩི་དཀར་པོ་བྱུག་པའི་དར་ཤིང་སྦོམ་པོ་ཞིག་ཡོད་པ་དང་རྩེ་ཐོག་ཏུ་ད་དུང་གསེར་མདོག་གི་གཟེ་དབྱིབས་ཀྱི་ལྕགས་ལེབ་ཀྱིས་མདུང་རྩེ་བཟོས་ཡོད།

    རི་བོ་འདིར་མཐའ་སྲུང་དཔོན་དམག་གིས“ཏང་དར་རི་བོ”ཞེས་འབོད་ཀྱི་ཡོད།

    རིམ་པ་གཉིས་པའི་ཧྲང་ཧྲི་ཧོ་ཀོང་ཅུན་གྱིས་འཐབ་འཛིང་པ་ལྔ་ཁྲིད་ནས་ཏང་དར་ལ་བཀྲག་རྩི་དམར་པོ་བྱུག་བཞིན་འདུག ཁོང་གིས་བཀྲག་རྩི་བླུགས་སྣོད་ཁྱེར་ནས་ཕག་ཟེས་ཏང་དར་ལ་བཀྲག་རྩི་བྱུག་གིན་གསར་འགོད་པ་དང་འཐབ་འཛིང་པར“ཏང་དར་རི་བོའི”ཡོང་ཁུངས་སྐོར་བཤད།

    2020ལོའི་ཟླ་6པར་འགོག་སྲུང་གི་དགོས་མཁོའི་དབང་གིས་སོ་ལྟ་ཁང་གིས་ཉེ་འགྲམ་གྱི་རི་སྟེང་དུ་གནས་སྐབས་སོ་ལྟ་ཁང་ཞིག་བཙུགས། སོ་དམག་ཁག་དང་པོ་གནས་སྐབས་སོ་ལྟ་ཁང་དུ་འཛེག་སྐབས། ལས་འགན་ཛ་དྲག་པའི་དབང་གིས་འཚོ་བའི་མཁོ་ཆས་འཁྱེར་ཁོམ་མ་བྱུང་བས། གནས་སྐབས་སོ་ལྟ་ཁང་དུ་དངོས་རྫས་སྐྱེལ་བའི་ལས་འགན་དེ་སོ་ལྟ་ཁང་གི་དཔོན་དམག་ཚོའི་ཕྲག་སྟེང་དུ་བབས་པ་རེད།

    ཉིན་དེར་འཐབ་འཛིང་པ་ཚའོ་ལི་ཧྥུང་དངོས་ཟོག་བསྐྱལ་ནས་སོ་ལྟ་ཁང་དུ་ལོག་རྗེས་རི་འདབས་ལ་ལྟ་སྐབས་དེ་གར་མི་མེད་ལུང་སྟོང་ཡིན་ཁར། རྩི་ཤིང་དཀོན་པ་དང་ཕྱོགས་བཞིར་ཁ་བས་བཀླུབས་པའི་གངས་རི་ལས་མཐོང་རྒྱུ་མེད། ཐང་ཆད་པའི་འཐབ་འཛིང་པ་ཀྲང་ཅུན་ཞང་གིས་ཀྱང་གཡང་གཟར་ཞིག་ལ་བལྟས་ནས་ཡུན་རིང་བསྡད།

    ཀྲང་ཅུན་ཞང་གིས་གློ་བུར་དུ“བྲག་རྡོ་དེ་དར་ཆའི་བཟོ་ལྟ་འདྲ་པོ་མི་འདུག་གམ”ཞེས་དྲིས། ཚའོ་ལི་ཧྥུང་གིས་བསམ་བློ་ཡུད་ཙམ་བཏང་རྗེས་སྤྲོ་བ་ཆེན་པོས“འདྲ་པོ་འདུག”ཅེས་བཤད།

    ཁོང་ཚོས་འཕྲལ་མར་ཕའེ་ཀྲང་ཞུས་ཧྲུའུ་ལ་བྲག་རྡོའི་སྟེང་དུ་ཏང་དར་ཞིག་འབྲི་འདོད་པའི་བསམ་ཚུལ་ཏེ“མཐའ་སྲུང་དམག་མིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། སོ་ལྟ་ཁང་གི་སྒོ་ཁའི་རྒྱལ་དར་ཕུད་རི་སྟེང་དུ་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བའི་ཏང་དར་ཞིག་དགོས་ཀྱི་འདུག”ཅེས་སྙན་སེང་ཞུས་པ་རེད།

    མི་གསུམ་པོ་མོས་མཐུན་བྱུང་ཞིང་། ཁོང་ཚོས་ཡང་འཐབ་འཛིང་པ་འགའ་སྐད་བཏང་ནས་མཉམ་དུ་རིར་འཛེགས་ཏེ་བཀྲག་རྩི་གྲ་སྒྲིག་བྱེད་པ་དང་སྒྲོམ་བརྒྱབ་ནས་བཀྲག་རྩི་བྱུག་གིན་དེའི་ཐད་བསམ་བཀོད་བྱས། གངས་ལྗོངས་ས་མཐོར་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བའི་ཏང་དར་ཞིག་དེ་ལྟར་གྲུབ།

    ཏང་དར་བྲིས་ཚར་བའི་ཉིན་དེ་ཏག་ཏག་ཟླ་7ཚེས་1ཉིན་རེད།

    དཔོན་དམག་གི་སེམས་སུ“ཏང་དར་རི་བོ”དེ་སྔ་ས་ནས་བསམ་བློའི་མཐོ་ས་དང་དད་མོས་ཀྱི་གནས་མཆོག་ཏུ་གྱུར་ཡོད། རི་མཐོར་བལྟས་ཚེ་མཐའ་སྲུང་དཔོན་དམག་གི་རྒྱལ་སྲུང་མཐའ་སྲུང་གི་དད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་ཏང་གཅེས་དང་རྒྱལ་གཅེས་དམག་གཅེས་ཀྱི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    བཀྲག་རྩི་བྱུག་པ་དང་དམ་བཅའ་འཇོག་པའི་བྱེད་སྒོ་མཇུག་འགྲིལ་རྗེས་སོ་ལྟ་ཁང་གི་དཔོན་དམག་གིས་འཆར་ཅན་གྱི་སྐོར་གཡེང་ལས་འགན་སྒྲུབ་འགོ་ཚུགས་པ་དང་གནས་དེར་ས་བབ་མཐོ་ཚད་སྨི་5700ལྷག་ཙམ་ཡོད་པ་རེད།

    སྐོར་གཡེང་དཔོན་དམག་ཁྲོད་ཀྱི་ལོ་ན་ཕྲ་བའི་གཞོན་ནུ་ཞིག་ལ་གསར་འགོད་པའི་དོ་སྣང་བྱུང་། མིང་ལ་ཡུས་དབྱིན་ལུང་ཟེར་བའི་གཞོན་ནུ་དེ་དམག་མི་གསར་པ་ཞིག་རེད་འདུག

    “དེ་ནི་ང་རང་སྐོར་གཡེང་ལས་འགན་ནང་ཞུགས་ཐེངས་དང་པོ་ཡིན་པ་དང་། ལྷག་པར་དུ། ཏང་དབུ་བརྙེས་ནས་ལོ་103འཁོར་བའི་སྐྱེས་སྐར་བསུ་གྲབས་ཡོད་པས་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག”ཅེས་ཡུས་དབྱིན་ལུང་གིས་བཤད།

    ས་བབ་མཐོ་ཚད་སྨི་6000ཟིན་པའི་ལ་བརྒལ་སྐབས། ཡུས་དབྱིན་ལུང་ལ་ལ་དུག་ཕོག་ནས་གདོང་མདོག་སྐྱ་བོར་གྱུར་པས་མདུན་སྐྱོད་བྱེད་བཞིན་པའི་སྐོར་གཡེང་རུ་ཁག་སྐྱོད་མཚམས་མི་འཇོག་ཀ་མེད་བྱུང་བ་རེད།

    ཀྲུང་ཧྲི་ངག་དབང་བློ་གྲོས་ཀྱིས་ཡུས་དབྱིན་ལུང་བསྐྱོར་ནས་རང་སར་བསྡད་རྗེས་གསོ་རླུང་རྔུབ་པ་དང་སྨན་བཟས་ཏེ་ངལ་གསོ་ཅུང་ཟད་བརྒྱབ་མཐར་གདོང་གཤིས་རིམ་བཞིན་ལེགས་སུ་ཕྱིན་པས། ངག་དབང་བློ་གྲོས་ཀྱིས་ཡུས་དབྱིན་ལུང་ལ“ཡར་ལོངས། ང་ལ་འཇུས་ནས་ག་ལེར་འགྲོ། མེ་མདའ་ངས་ཁུར་ཆོག དབུགས་ལྷོད་པོ་ཐོངས”ཞེས་སྐུལ་ལྕག་བྱས།

    ངག་དབང་བློ་གྲོས་ནི་བོད་རིགས་འཐབ་འཛིང་པ་ཞིག་ཡིན་ཞིང་། སོ་ལྟ་ཁང་དེར་ལོ་8བསྡད་པས་འཐབ་གྲོགས་གཞན་དག་དང་བསྡུར་ན་ས་མཐོའི་ཁོར་ཡུག་ལ་དེ་བས་གོམས་ཡོད། སྐབས་དེ་དུས་གནས་སྐབས་སོ་ལྟ་ཁང་དུ་དངོས་ཟོག་སྐྱེལ་སྐབས་ཁོང་གིས་ཉིན་ལྟར་དངོས་ཟོག་སྤྱི་རྒྱ་40ལྷག་ཙམ་ཁུར་ནས་རི་རྩེར་འཛེགས་ཀྱི་ཡོད་པ་རེད།

    “སྐབས་དེར། ངས་མཐའ་འཁྱོངས་བྱེད་པའི་དད་སེམས་ནི་རི་རྩེར་བཅའ་སྲུང་བྱེད་མཁན་འཐབ་གྲོགས་ཚོར་ཁ་ལག་ཚ་པོ་ཞིག་ཟ་རྒྱུ་བྱུང་ན་སྙམ་པས་ཡིན” “‘ཏང་དར་རི་བོའི’དམར་མདངས་ལས་ང་ལ་རྒྱལ་སྲུང་མཐའ་སྲུང་དང་ཁྱིམ་སྲུང་གི་ལྕག་སྐུལ་ཟབ་མོ་ཐེབས་བྱུང”ཞེས་ངག་དབང་བློ་གྲོས་ཀྱིས་བཤད།

    སྐོར་གཡེང་བྱ་ཡུལ་དུ་བསླེབས་རྗེས། མཐའ་སྲུང་དཔོན་དམག་ཚོ་གངས་འཁྱགས་ཀྱིས་བཏུམས་པའི་རི་བོར་འཛེགས་ཤིང་། དམར་མདངས་བཀྲ་བའི་ཏང་དར་བཀྲམ་ནས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་སྟེ།

    “ང་རང་མ་སྐུལ་དང་བླངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུ་ཡིན། ཏང་ལ་ལྷག་བསམ་རྣམ་དག་བྱེད་ཀྱི་ཡིན། ག་དུས་ཡིན་ཡང་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡིན”

    བློ་ཐག་ཆོད་ལ་སེམས་ཤུགས་ཆེ་བའི་དམ་བཅའི་ཚིག་དེ་གངས་རིའི་ཁྲོད་དུ་ཡུན་རིང་གྲགས།

    སོ་ལྟ་ཁང་ནས་གྱེས་སྐབས། གསར་འགོད་པས་བྲག་རྡོའི་སྟེང་གི་དམར་མདངས་བཀྲ་བའི་ཏང་དར་ལ་སླར་ཡང་ཕྱིར་མིག་བལྟས།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་30ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།