གཞུང་ལམ་ཤར་གཏོང་བྱས། བདེ་སྐྱིད་འཚོ་བར་རོལ།
རྣམ་གླིང་རྫོང་ཕུ་འདམ་ཤང་གི་ཁྲ་ཆམ་གཞུང་ལམ་ལས་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་རྒྱས་པ།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཕུ་འདམ་ཤང་གླང་ལུང་གྲོང་ཚོར། སྐལ་བཟང་ཆུང་རང་ཁྱིམ་གྱི་སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དུ་ཟོག་འདྲེན་རླངས་འཁོར་ནས་དངོས་ཟོག་འབེབས་པར་བྲེལ་བཞིན་འདུག “གཞུང་ལམ་དེས་ཚོང་ཟོག་དབོར་བའི་མ་གནས་དམའ་རུ་ཕྱིན་པ་མ་ཟད། ཚོང་ཟོག་གི་སྣ་ཁ་སྔར་བས་འཛོམས་སུ་ཕྱིན་ནས་ང་ཚོ་གྲོང་མིའི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད”ཅེས་ཁོང་གིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད་བྱུང་།
སྐལ་བཟང་ཆུང་གིས་བརྗོད་པའི་གཞུང་ལམ་ནི་ཁྲ་ཆམ་གཞུང་ལམ་ཡིན་ཞིང་། དེ་ནི་རྣམ་གླིང་རྫོང་ཕུ་འདམ་ཤང་གི་གྲོང་ཚོ་4ལ་ཁྱབ་པ་མ་ཟད་བཞད་མཐོང་སྨོན་རྫོང་གི་རྩེ་ཤོད་གྲོང་ཚོ་དང་སྦྲེལ་བ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་14ཡོད།
ལོ་ཕྱེད་གོང་ཁྲ་ཆམ་གཞུང་ལམ་ཤར་གཏོང་ཐུབ་པའི་རྣམ་པ་ད་ལྟའང་སྐལ་བཟང་ཆུང་གི་ཡིད་ལ་གསལ་པོར་ངེས་ཤིང་། སྐབས་དེར་ཁོང་དང་ཡུལ་མི་གཞན་དག་མཉམ་དུ་འཛོམས་ནས་གཞུང་ལམ་དེ་སྐྲུན་པའི་དཀའ་ཁག་སྐོར་གླེང་ཞོར། གཞུང་ལམ་བསྐྲུན་རྗེས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལའང་རེ་སྒུག་བྱས་པ་རེད།
ལོ་ཕྱེད་འདས་ཟིན་པའི་ད་ཆ་གཞུང་ལམ་དེ་ཤར་གཏོང་ཐུབ་པས་ཡུལ་མི་ཚོའི་འཚོ་བར་དངོས་གནས་སྟབས་བདེ་ཆེན་པོ་བྱུང་ཡོད།
ཁྲ་ཆམ་གཞུང་ལམ་ནི་ལམ་བུ་གྱ་གྱུ་ཞིག་ཡིན་རུང་དེ་ནི“གསེར་ལམ”ཅིག་དང་འདྲ་བར་གྲོང་ཚོ་ཁག་དང་སྦྲེལ་ཡོད་པ་མ་ཟད། ད་དུང་ཕུ་འདམ་ཤང་གི་ཡུལ་མི་3000ལྷག་ཙམ་གྱི“བདེ་སྐྱིད་ལམ་བུ”དང“ཕྱུག་འགྱུར་ལམ་བུ”ཞིག་ཏུའང་གྱུར་ཡོད།
ཕུ་འདམ་ཤང་གི་ཤང་ཀྲང་གཞོན་པ་ཐུབ་བསྟན་ཉི་མས“གྲོང་ཚོ་ཇེ་བཟང་ཇེ་ལེགས་སུ་འགྲོ་བ་མཐོང་སྐབས་དངོས་གནས་སེམས་པ་ཧ་ཅང་དགའ་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད་པ་དང་། ཁོང་གིས་གྲོང་ཚོ“གོག་ཧྲུལ་དབུལ་ཕོངས”ནས“ཕྱུག་མཛེས་འཆམ་མཐུན”བར་འགྱུར་ལྡོག་ཕྱིན་པར་དཔང་པོ་བྱས་ཡོད།
ཆུ་ཚན་ནི་ཕུ་འདམ་ཤང་གི་ཀ་རྟེན་ཐོན་ལས་ཤིག་ཡིན་རུང་། དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་སྒྲིག་ཆས་ཐེབས་ཆག་ཡིན་པའི་དབང་གིས་ཡུལ་སྐོར་བ་ཇེ་ཉུང་ནས་ཇེ་ཉུང་རེད། གཞུང་ལམ་ཤར་གཏོང་ཐུབ་རྗེས་ཤང་གིས་སྒོར་ཁྲི་170ལྷག་ཙམ་གྲབས་གསོག་བྱས་ནས་ནུས་ཤུགས་ཡོད་རྒུས་སྒྱུར་བཀོད་རིམ་སྤོར་བྱས་ཏེ་ཇ་ཁང་དང་། མགྲོན་ཁང་། བཟའ་བཏུང་། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་སྤྲོ་གསེང་ཆུ་ཚན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་པས་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་འཕྲད་ཡོད།
གཞུང་ལམ་ཤར་གཏོང་ཐུབ་པ་ནི་བདེ་སྐྱིད་ལམ་བུ་ཞིག་རེད་ལ་ཕྱུག་འགྱུར་ལམ་བུ་ཞིག་དེ་བས་ཀྱང་རེད། ཕུ་འདམ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དབང་ཆེན་གྱིས“ཆུ་ཚན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན་ཏེ། འདི་ལོ་ནས་བཟུང་ཕུ་འདམ་ཤང་ཆུ་ཚན་མགྲོན་ཁང་གིས་ཡུལ་སྐོར་བ་4000ལྷག་ཙམ་ལ་སྣེ་ལེན་ཞུས་པར་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཟིན་ཡོད”ཅེས་ངོ་སྤྲོད་བྱས།
ཕུ་འདམ་ཤང་ཁྱིམ་ཆས་བཟོ་གྲྭའི་སྒོ་འགྲམ་དུའང་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཤིང་། ཁྱིམ་ཆས་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་རེ་རེ་བཞིན་བཟོ་གྲྭ་ནས་ཐོན་ཏེ་ཁྲ་ཆམ་གཞུང་ལམ་བརྒྱུད་ས་ཆ་གཞན་དུ་དབོར་བཞིན་ཡོད་པ་རེད།
“སྔོན་ཆད་བཟོ་གྲྭའི་སྒོ་འགྲམ་གྱི་ལམ་བུ་གུ་དོག་པས་རླངས་འཁོར་འགྲོ་འོང་བྱེད་དཀའ་བར་བརྟེན། ལོ་མཇུག་ཏུ་རྩིས་རྒྱག་སྐབས་སྐྱེལ་འདྲེན་གྱི་མ་གནས་མཐོ་པོ་སླེབས་ཀྱི་ཡོད”ཅེས་ཕུ་འདམ་ཤང་ཁྱིམ་ཆས་བཟོ་གྲྭའི་ཁྲང་ཀྲང་ཕུན་ཚོགས་དབང་འདུས་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད་པ་དང་། ཁོང་གིས“ད་ཆ་སྔོན་མ་དང་ཡེ་ནས་མི་འདྲ་སྟེ། གཞུང་ལམ་ཤར་གཏོང་ཐུབ་པས་སྐྱེལ་འདྲེན་གྱི་མ་གནས་20%གྲོན་ཆུང་ཐུབ་ལ་ཕྱིར་ཚོང་ཐབས་ལམ་ཡང་ཡངས་སུ་ཕྱིན་ཡོད”ཅེས་བཤད།
གཞུང་ལམ་འགྲམ་དུ་དཀར་ཆ་དོད་པའི་ཁང་པ་ཞིག་རྒྱག་བཞིན་ཡོད་པ་གསར་འགོད་པས་མཐོང་སྐབས་ཁང་བདག་དབང་འདུས་ཀྱིས་གསར་འགོད་པར“ལམ་མ་སྐྲུན་གོང་ཁང་པ་ཉམས་བཟོ་བྱེད་པའི་མ་གནས་ཧ་ཅང་མཐོ་བས་ངས་ད་བར་ཉམས་བཟོ་བྱས་མེད། ད་ཆ་འཛུགས་སྐྲུན་རྒྱུ་ཆ་ཐད་ཀར་སྒོ་འགྲམ་བར་དབོར་ཐུབ་པས་འགྲོ་སོང་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་སོང”ཞེས་བཤད་བྱུང་།
བགྲེས་སོང་བཀྲ་ཤིས་དང་ཁོང་གི་བཟའ་ཟླས་གཞས་གཏོང་བཞིན་ཞིང་ཁ་རྨོ་ཡི་འདུག བགྲེས་སོང་བཀྲ་ཤིས་ཀྱིས། ཁྲ་ཆམ་གཞུང་ལམ་ཤར་གཏོང་མ་ཐུབ་གོང་དེ་གར་འདམ་རྡོའི་ལམ་ཡིན་པས་ལམ་བདེ་པོ་མེད་ཙང་འཁོར་གསུམ་སྦག་སྦག་བཏང་རུང་ཁྱིམ་ནས་ཞིང་ཁ་བར་ཉུང་མཐར་ཡང་ཆུ་ཚོད་གཅིག་འགོར་གྱི་ཡོད། ཡིན་ནའང་ད་ཆ་སྐར་མ་20ཙམ་ལས་འགོར་གྱི་མེད་པས་སྟབས་བདེ་ལ་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་པ་དང་། ཞིང་ནང་ནས་མཉམ་ལས་ཁང་ལ་འབྲུ་སྐྱེལ་བར་ཡང་སྟབས་བདེ་རུ་ཕྱིན་ཡོད་ཅེས་བཤད།
གཞུང་ལམ་ཤར་གཏོང་ཐུབ་པ་ལས་མི་སེམས་དྲོ་བར་བྱེད་པའི་ཕྱུག་འགྱུར་གྱི་ལམ་ཞིག་བཏོད་ཡོད། དེ་ནི་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་རེ་བའི་ལམ་བུ་ཞིག་ཡིན་པས། གནས་དེར་གསོན་ཤུགས་གསར་རྐྱང་ཞིག་འཕེལ་བ་མ་ཟད། ཁ་ཐོར་འཕེལ་རྒྱས་ཀྱི་ཞན་ཆ་དེ་གཅིག་སྡུད་ཚད་བརྒལ་གྱི་ལེགས་ཆར་གྱུར་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་རྒྱུ་རེད།