དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མཉམ་དུ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལི་ཙེང་ཝེ།   |     སྤེལ་དུས།  2024-07-01

    E75ལྕགས་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱིས་གཞུང་ལམ་འཕྲེད་བཅད་ཟམ་པ་གསར་དུ་བསྐྲུན་པ་དེས་མེ་འཁོར་མྱུར་བགྲོད་ཀྱི་བདེ་འཇགས་འགན་ལེན་ཐུབ་ལ་ཉེ་འཁོར་གྱི་གྲོང་མི་ཕྱིར་བསྐྱོད་རྒྱུར་ཡང་སྟབས་བདེ་བྱུང་ཡོད། འདི་ནི་E75ལྕགས་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་གཞུང་ལམ་འཕྲེད་བཅད་ཟམ་པ་ཡིན་པ།

    “ང་མེ་འཁོར་ལ་བསྡད་དེ་ཝར་སོར་བསྐྱོད་པར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་མི་འགོར་བས། དུས་ཚོད་གྲོན་ཆུང་ཐུབ་ལ་སྡོད་སའང་སྐྱིད་པོ་འདུག”ཅེས་ཕོ་ལན་གྱི་པི་ཡ་ཝེ་སི་ཐོ་ཁེ་མེ་འཁོར་འབབ་ཚུགས་ནས་མེ་འཁོར་ལ་བསྡད་དེ་རྒྱལ་ས་ཝར་སོར་སྐྱོད་མཁན་མཁྱེན་ལྡན་མ་ཨན་ནཱ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད་བྱུང་། པི་ཡ་ཝེ་སི་ཐོ་ཁེ་གྲོང་ཁྱེར་དང་ཝར་སོའི་བར་སྤྱི་ལེ་210ཡོད་པ་དང་། E75ལྕགས་ལམ་རིམ་སྤོར་སྒྱུར་བཀོད་མ་བྱས་གོང་མེ་འཁོར་ལ་བསྡད་ཚེ་ཧ་ལམ་ཆུ་ཚོད་4འགོར་གྱི་ཡོད།

    ཕོ་ལན་གྱི་E75ལྕགས་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་འགོ་ཆི་རེ་ཧྥུའུ་གྲོང་ཁྱེར་ནས་ཚུགས་པ་དང་། མཇུག་ཕོ་ལན་བྱང་ཤར་མཚམས་ཀྱི་འགྲིམ་འགྲུལ་འགག་གནད་གལ་ཆེན་གནས་སའི་པི་ཡ་ཝེ་སི་ཐོ་ཁེ་གྲོང་ཁྱེར་བར་ཡིན། དེ་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྲོང་སྲིད་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“ཀྲུང་གོ་གློག་ཤུགས་གྲོང་སྲིད་ཚོགས་པ”ཞེས་བསྡུ་རྒྱུ)དང་། ཕོ་ལན་གྱི་INTERCORཀུང་སིས་སྒྲིག་འཛུགས་བྱས་པའི་མཉམ་གཉེར་ཚོགས་པས་གཉེར་འགན་ཁུར་བ་ཞིག་རེད། རྣམ་གྲངས་ཀྱི་ནང་དོན་གཙོ་བོ་ནི་སྤྱི་ལེ་71.24ཟིན་པའི་ལམ་རྒྱུད་ཀྱི་ལྕགས་ལམ་དང་མེ་འཁོར་འབབ་ཚུགས་གཙོ་བོར་དེང་རབས་ཅན་གྱི་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་དེ་ཡིན། རྣམ་གྲངས་དེ་མིག་སྔར་ཕོ་ལན་གྱི་ཁེར་ཕུང་གན་འཇོག་མ་དངུལ་མང་ཤོས་ཀྱི་སྤྱི་པའི་ཉོ་སྒྲུབ་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཤིག་ཡིན་པས། ཀྲུང་གོ་དང་ཕོ་ལན་དབར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཟབ་ཏུ་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཡོད།

    2023ལོའི་ཟླ་བཅུ་གཉིས་པར། ཕོ་ལན་གྱི་E75ལྕགས་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་དེ་དུས་བཀག་ལྟར་ཆི་རེ་ཧྥུའུ་ནས་པི་ཡ་ཝེ་སི་ཐོ་ཁེ་བར་གྱི་མ་ལམ་ཉིས་གཤིབ་ལེགས་སྒྲུབ་རྩིས་སྤྲོད་བྱས་ཤིང་། རྣམ་གྲངས་དེའི་སྤྱི་ཁྱབ་ལྟ་ཞིབ་བ་ཏཱ་སྨི་ཨན·ཁེ་ཉི་ཡ་ཚི་ཡིས་ཆི་རེ་ཧྥུའུ་ནས་པི་ཡ་ཝེ་སི་ཐོ་ཁེ་བར་གྱི་མ་ལམ་ཉིས་གཤིབ་སྦྲེལ་མཐུད་བྱས་ནས་ལས་གཉེར་བྱེད་འགོ་ཚུགས་པས། བར་ཁོངས་ནང་གི་གསར་བཟོ་བྱས་པའི་མེ་འཁོར་འབབ་ཚུགས་དང་ཚུགས་སྟེགས་10ལྷག་ཙམ་ཚང་མ་སྔ་རྗེས་སུ་སྤྱོད་འགོ་ཚུགས་པ་དང་། བར་ཁོངས་དབར་གྱི་མེ་འཁོར་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་200ཟིན་གྱི་ཡོད། “འགྲུལ་པ་མང་དུ་སོང་བ་དང་སྦྲགས་ང་ཚོས་དབོར་འདྲེན་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡོད། ཝར་སོ་ནས་པི་ཡ་ཝེ་སི་ཐོ་ཁེ་བར་ཉིན་གཅིག་ནང་ཕར་འགྲོ་ཚུར་ལོག་བྱེད་པའི་འགྲུལ་སྐྱེལ་མེ་འཁོར་དེ་སྔོན་གྱི་གཏོང་ཐེངས་4ནས་ད་ཆའི་གཏོང་ཐེངས་11བར་མང་དུ་ཕྱིན་པས། མེ་འཁོར་ས་གནས་འདིའི་གྲོང་མི་དང་ཡུལ་སྐོར་བས་དང་ཐོག་འདེམས་པའི་འགྲིམ་འགྲུལ་ཡོ་ཆས་སུ་གྱུར་ཡོད། གཟའ་མཇུག་དང་དུས་ཆེན་གྱི་ངལ་གསོ་སླེབས་རིམ་བཞིན་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྒྲོམ་མང་དུ་བཏང་ནས་སྐྱེལ་འདྲེན་གྱི་དགོས་མཁོ་སྐོང་ཐབས་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    E75ལྕགས་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་པུའུ་ལ་མིག་སྔར་ཀྲུང་གོ་ཕྱོགས་ཀྱི་ལས་མི་10དང་ཕོ་ལན་ཕྱོགས་ཀྱི་ལས་མི་90ལྷག་ཙམ་ཡོད། ཨར་སྐྲུན་བྱེད་མང་བའི་སྐབས། རྣམ་གྲངས་པུའུ་ཡིས་ད་དུང་ཕོ་ལན་གྱི་ལས་མི་1600ལྷག་ཙམ་གླས་ཏེ་ཨར་སྐྲུན་ནང་ཞུགས་སུ་བཅུག་གི་ཡོད།

    རྣམ་གྲངས་པུའི་ལས་རོགས་ཅིང་ལི་ཨན་ནཱ·ལ་ཐུའུ་ཧྲི་ཉི་ཡ་ཁེ་ནི་ཝར་སོ་སློབ་ཆེན་གྱི་རྒྱའི་སྐད་ཡིག་སྡེ་ཁག་ནས་ཐོན་པ་དང་། འདི་ལོའི་ཟླ་བརྒྱད་པར་ཁོང་ཀྲུང་གོ་གློག་ཤུགས་གྲོང་སྲིད་ཚོགས་པར་ལས་ཀ་བྱས་ནས་ལོ་4ཟིན་གྱི་ཡོད། ཁོང་གིས“ལོ་བཞི་ཙམ་རིང་། ཀྲུང་གོ་གློག་ཤུགས་གྲོང་སྲིད་ཚོགས་པ་ཕོ་ལན་དུ་འཕེལ་རྒྱས་ཕྱིན་པ་དང་སྦྲགས་ངའི་མི་ཚེར་ཡང་གྲུབ་འབྲས་ཐོབ་སོང”ཞེས་བརྗོད།

    ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྲོང་སྲིད་ཚོགས་པའི་ཡོ་རོབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅིང་ལེ་ཝེ་ཡིས། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྲོང་སྲིད་ཚོགས་པས་ཕོ་ལན་དུ་འབད་བརྩོན་ལོ་10ལྷག་ཙམ་བྱས་ཏེ། དོ་དམ་བྱེད་སྟངས་གསར་གཏོད་དང་ལས་གྲྭ་དུས་བཀག་ལྟར་བསྒྲུབས་པ་མ་ཟད། ཕོ་ལན་གྱི་རིག་གནས་ཁོར་ཡུག་དང་མཉམ་འདྲེས་ཧུར་ཐག་བྱས་ཡོད། “E75ལྕགས་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཕུད་ཕོ་ལན་དུ་ད་དུང་སྐྲུན་བཞིན་པའི་ང་ཚོའི་གཞུང་ལམ་རྣམ་གྲངས་5ཡོད་པས། ང་ཚོས་ཕོ་ལན་ཕྱོགས་ཀྱི་མཉམ་ལས་རོགས་ཟླ་དང་མཉམ་དུ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་མུ་མཐུད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་མཉམ་དུ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།