འཛམ་གླིང་ཡང་རྩེར་ངོ་མཚར་གཏམ་རྒྱུད་བརྩམས།
ཀྲེ་ཅང་གིས་ནག་ཆུར་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་གནས་ཚུལ་དངོས་བཀོད་པ།
1994ལོར་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་ཤིང་། ནག་ཆུ་འདི་ཉིད་ཀྲེ་ཅང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱ་ཡུལ་ལ་གཏན་འཁེལ་བྱས་པ་རེད།
ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་645སྔ་རྗེས་སུ“འཛམ་གླིང་ཡང་རྩེའི་ཡང་རྩེར”བསྐྱོད་ནས་རང་དོན་རྒྱབ་སྐྱུར་གྱིས་འབད་བརྩོན་བྱས་ཤིང་། ལོ་ཟླའི་འཁོར་རྒྱུན་དང་བསྟུན་ནས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་60ལྷག་ཙམ་བྱང་ཐང་ས་གཞི་ཆེན་པོར་བཏང་སྟེ། རོགས་སྐྱོར་རྣམ་གྲངས་ཁག་438རྩ་བ་ཚུགས་ནས་ཕན་འབྲས་ཐོན་ཡོད་པ་རེད།
ཀྲེ་ཅང་དུ་ཕྱག་ལས་གནང་རིང་། བློ་མཐུན་ཞི་ཅིན་ཕིང་གིས་ནག་ཆུའི་ཏང་སྲིད་འཐུས་མི་ཚོགས་པ་དང་མཇལ་འཕྲད་ཐེངས་མང་གནང་སྟེ། བོད་ལ་དོ་ཁུར་དང་། བོད་ལ་དགའ་ཞེན། ནག་ཆུར་ཐུགས་ཁུར། ནག་ཆུར་རྒྱབ་སྐྱོར་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད། 2020ལོའི་ཟླ་8པར། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གཏན་འཁེལ་གནང་བ་རེད།
“བོད་སྐྱོར་ལས་དོན་འདི་ཉིད་ཡུན་རིང་གི་ལས་འགན་ཞིག་ཏུ་བརྩིས་ནས་མུ་མཐུད་ཡག་པོ་བསྒྲུབས་ཏེ་གྲུབ་འབྲས་དེ་བས་ལེགས་པ་ཐོབ་པའི་བརྩོན་ལེན་བྱས་ཡོད”
ལོ་30ཡི་རིང་རྩ་བ་བརྟན་པོར་ཚུགས་ནས་ལས་འགན་རིམ་པ་བཞིན་བསྒྲུབས་ཤིང་། ད་ཆ་བོད་རིགས་མང་ཚོགས་ཚོས་བརྗོད་པའི་ངོ་མཚར་ཆེ་བ་དང་། སྙིང་རུས་ཆེ་བ། རེ་བས་ཁེངས་པ་བཅས་ཀྱི་ས་གཞི་འདིའི་ཐོག་ངོ་མཚར་གསར་པ་བརྩམས་དང་རྩོམ་བཞིན་མཆིས།
“མཐུན་སྒྲིལ་གྱི་ལམ་ཐིག་དང་བདེ་སྐྱིད་ཀྱི་ལམ་བུ་དེ་བས་མང་བ་བསྐྲུན་པ”
ལོ་མང་སོང་རྗེས། ཞིང་ཙུའེ་རུང་གིས་སྔར་བཞིན་ནག་ཆུ་ཐོག་མར་མཐོང་བའི་རྣམ་པ་དེ་ཡིད་ལ་གསལ་པོར་དྲན་གྱི་ཡོད། ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་ཁག་དང་པོའི་རུ་སྣེ་ཁྲིད་མཁན་གྱིས་ང་ཚོར་1995ལོའི་དབྱར་སྟོད་དུ་མིག་ལ་དབང་མེད་དུ་འཚེར་བའི་འོད་ཟེར་ཁྱད་བསད་བྱས་ནས་རླངས་འཁོར་བཏང་སྟེ་ནག་ཆུ་རྫོང་གྲོང་དུ་སྐྱོད་སྐབས། ཚང་མས་ད་གཟོད་ཀྲེ་ཅང་དང་བར་ཐག་སྤྱི་ལེ་4000ཙམ་ཡོད་པའི་གངས་ལྗོངས་ས་མཐོར་མི་སེར་མང་ཆེ་བ་ད་དུང་ལྕགས་ཤོག་གི་ཁང་པར་སྡོད་ཀྱི་ཡོད་པ་ཤེས། ཁང་པའི་ཐོག་ཁ་ནས་ལྡོག་འཕྲོས་བྱུང་བའི་ཉི་འོད་ཧ་ཅང་འཚེར་བས། བོད་སྐྱོར་ལས་བྱེད་པ་ཚོ་ལམ་བར་དུ་མིག་ལྡང་བཙུམ་དཀའ་བའི་ངང་མདུན་སྐྱོད་བྱེད་དགོས་པ་རེད།
བོད་སྐྱོར་ནི་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་རེད། ལེ་དབར་སྟོང་གིས་ཆོད་པའི་ཐག་རིང་ནས་འདི་གར་ཡོང་དོན་ནི། ནག་ཆུར་མི་འདང་བ་གང་ཡོད་པ་དང་། མི་སེར་ཚོར་དགོས་མཁོ་གང་ཡོད་པ་ཤེས་རྟོགས་བྱ་ཆེད་རེད།
“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་། “རོགས་རེས་རྣམ་པའི”མཉམ་ལས། “གནད་སྨིན་རྣམ་པའི”འབྲེལ་མཐུད་ལ་སོགས། མིང་ཇི་ལྟར་བསྒྱུར་ཡང་བོད་སྐྱོར་ལས་བྱེད་པ་ཚང་མས་དོ་ཁུར་ཆེ་ཤོས་བྱེད་པ་ནི་ནག་ཆུའི་མི་སེར་གྱི་འཚོ་བ་ཡིན་ཞེས་ཞིང་ཙུའེ་རུང་གིས་བརྗོད་ཅིང་། སྐབས་རེ་རེའི་བཀོད་འདོམས་པུའུ་ཡིས་མ་གྲོས་གཅིག་མཐུན་དུ་དམངས་འཚོར་ཕན་འདོགས་པ་དོན་ཆེན་ཨང་དང་པོར་བརྩིས་པ་རེད།
ཀྲེ་ཅང་གི་བོད་སྐྱོར་རྣམ་གྲངས་ཐོག་མ་ཡིན་པའི་ཤན་རྩ་རྫོང་རྒྱལ་གངས་ཆུ་ཤུགས་གློག་ཁང་གིས་1998ལོ་ནས་བཟུང་འབྲོག་པ་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་ཡོད།
ཀྲེ་ཅང་ཁུལ་ཆུང་དང་། ཧང་ཅ་ཁུལ་ཆུང་། ཀྲེ་ཅང་སློབ་འབྲིང་སོགས་དམངས་འཚོའི་ལས་གྲྭ་ལས་ནག་ཆུའི་འབྲོག་པ་ཚོས་དེང་རབས་ཅན་གྱི་འཚོ་བའི་སྐྱེལ་འགོ་ཚུགས།
ཧང་ཀྲོའུ་ཡིས“མགོ་བཏེགས་བྲང་ལྡིར”གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་། 2019ལོ་ནས་བཟུང་སྒལ་ཚིགས་འཁྱོག་པའི་ནད་པ་26གྲུབ་འབྲས་ཐོབ་པའི་སྒོ་ནས་སྐྱོབ་བཅོས་བྱས་པས། ཆ་སྙོམས་མི་རེའི་གཟུགས་པོའི་རིང་ཚད་ལི་སྨི་17.7རིང་དུ་ཕྱིན་ཡོད་པ་རེད།
ཐའེ་ཀྲོའུ་ཡིས“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་ལས་ཞུགས་བོད་སྐྱོར་གྱི་ཀྲེ་ཅང་གི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་ཁྲིད་བྱས་པས། 2023ལོ་ཁོ་ནར་ཐེམ་ཁུངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་121ཡིས་ཀྲེ་ཅང་དུ་ལས་ཞུགས་ལས་གཏོད་ཐུབ་ཡོད་པ་རེད།
ནག་ཆུར་དམངས་འཚོའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་གཉེར་ཞིང་། བོད་སྐྱོར་ལས་བྱེད་པ་ཚང་མའི་ལག་ཏུ་རྣམ་གྲངས་འཆར་འགོད་རེའུ་མིག་རེ་ཡོད་པ་སྟེ། ལམ་སྐྲུན་པ་དང་། ཁང་པ་རྒྱག་པ། སློབ་གྲྭ་དང་སྨན་ཁང་སྐྲུན་རོགས་ལ་སོགས་ནང་དོན་མི་འདྲ་བ་མང་པོ་ཡོད་ཀྱང་། དམིགས་ཡུལ་ནི་འགྱུར་བ་གཏན་ནས་གཏོང་མྱོང་མེད་པའི་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་རེད། བོད་སྐྱོར་མ་དངུལ་གྱི་80%དམངས་འཚོར་སྤྱོད་པ་དང་། 80%གཞི་རིམ་ལ་སྤྱོད་པའི“སྒྲིག་ཁྲིམས་དམ་པོ”དེ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་པ་ནས་ད་བར་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད།
གྲོང་ཁྱེར་ནས་གྲོང་གསེབ་དང་། རྣམ་གྲངས་སྐྱེལ་བ་ནས་ཉམས་མྱོང་སྐྱེལ་བ། “སྤ་སེ་སྤྲོད་པ”ནས“ལྡེ་མིག་སྤྲོད་པ”“ལས་གྲྭ་ཁྲི་སྟོང”ནས“ཐོན་ལས་བོད་སྐྱོར”སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐུན་སྒྲིལ་གྱི་ལམ་ཐིག་དང་བདེ་སྐྱིད་ཀྱི་ལམ་བུ་དེ་བས་མང་བ་བསྐྲུན་དགོས”ཞེས་ནན་བཤད་ཐེངས་མང་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་སོང་སྟེ་མ་འཇོག་དང་རྣམ་གྲངས་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་བ་དང་བསྟུན་ཀྲེ་ཅང་གི་གཞི་རྒྱུ་ཡང་ནག་ཆུའི་ས་ཕྱོགས་གང་སར་ཁྱབ་ཡོད།
འདས་ཟིན་པའི་ལོ་གཅིག་ཁོ་ནར“ལམ་དང་། སྨན་ཁང་། སློབ་གྲྭ ཁང་པ”སོགས་དམངས་འཚོའི་ལས་གྲྭར་དམིགས་པའི་འཆར་འགོད་ཀྱི་རྣམ་གྲངས་ཁྱོན་45ནག་ཆུ་རུ་རྩ་བ་ཚུགས་ཡོད། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་དང་། ཧང་ཅ་སློབ་འབྲིང་། རིམ་ཁག་མི་དམངས་སྨན་ཁང་། སྨན་རྩིས་ཁང་། གྲོང་ཁྱེར་དང་རྫོང(ཆུས)གི་བདེ་སྡོད་སོགས་ལས་གྲྭ་གལ་ཆེན་ཁག་གཅིག་ལས་གྲོང་ཁྱེར་དང་གྲོང་རྡལ་གྱི་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་རྒྱ་ཆེའི་ཞིང་འབྲོག་པར་ཕན་པ་ཐོབ་ཡོད།
ལོ་30ཡི་རིང་། ས་བབ་སྨི་4500ཟིན་པའི་བྱང་ཐང་དུ་ཀྲེ་ཅང་གི་རོགས་སྐྲུན་རྣམ་གྲངས་ལེགས་པར་བསྐྲུན་པ་མ་ཟད། དེས་བོད་ལྗོངས་ནག་ཆུ་དང་ཀྲེ་ཅང་མི་དམངས་ཀྱི་བརྩེ་དུང་འོ་ཆུ་བཞིན་དམ་པོར་སྦྲེལ་བ་རེད།
“ཕུགས་འཕེར་གྱི་ཇུས་གཞི་བཏིང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད”
ནག་ཆུས་ཐོན་ལས་འཕེལ་རྒྱས་གཏོང་དགོས་སམ། ཐོན་ལས་གང་འདྲ་ཞིག་འཕེལ་རྒྱས་གཏོང་དགོས་སམ། དེ་ནི་ལོ་མང་རིང་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་ཁག་རེ་རེས་བསམ་བློ་ཡང་ཡང་གཏོང་དགོས་པའི་གནད་དོན་ཞིག་རེད།
ནག་ཆུའི་ཐོན་ལས་འཕེལ་རྒྱས་ལ་སྐབས་ཤིག་རིང་དཀའ་ངལ་ཆེན་པོ་འཕྲད་པ་སྟེ། སྟོབས་ཤུགས་ཆེ་ཤོས་ཀྱི་འབྲོག་ལས་ལ་ས་གནས་དེ་གའི་མིས“རང་བྱུང་འཚོ་སྐྱོང”ལ་བརྟེན་དྲགས་པས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གཏོང་དཀའ་བ་དང་། གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ་དང་སྐྱེལ་འདྲེན་མ་གནས་མཐོ་བས་བཟོ་སྐྲུན་ལས་རིགས་ཧ་ལམ་མེད་པ། ས་རྒྱ་ཆེ་ལ་མི་འབོར་ཉུང་བས་གཅིག་སྡུད་འཛད་སྤྱོད་བྱ་ཡུལ་དཀོན་པས་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་བར་དཀའ་ངལ་མང་པོ་ཡོད་པ་བཅས་རེད།
“གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས”ཞེས་2021ལོའི་ཟླ་7པར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟོག་ཞིབ་གནང་སྐབས་དེ་ལྟར་ནན་བཤད་གནང་ཡོད། དེ་གོང་ཁོང་གིས་ས་ཆ་མང་པོར“ཕུགས་འཕེར་གྱི་ཇུས་གཞི་འདིང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད”ཅེས་གསུངས་ཡོད།
“དེ་ལས་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། 2023ལོ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི‘ལས་གྲྭ་ཨང་དང་པོའི’བཀོད་སྒྲིག་གཞིར་བཟུང་། ང་ཚོས་ཚོང་འགུགས་མ་འདྲེན་དེ་བོད་སྐྱོར་ལས་དོན་གྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཀྲེ་ཅང་ཚོང་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་དཔོན་དང་། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ཏུང་ཞུས་པིན་གྱིས་བརྗོད་ཅིང་། ཧྲེན་ལི་དུས་རབས་ཐང་ཆེན་དང་། ནག་ཆུའི་ཀྲེ་ཅང་གསོལ་མགྲོན་ཁང་ཆེན་མོ། ཀྲེ་ཅང་ནུས་རྒྱུ་ཚོགས་པའི་ཀྲའོ་ཝ་50ཡི་འོད་ཤུགས་ནུས་གསོག་རྣམ་གྲངས་སོགས། 2023ལོར་ཀྲེ་ཅང་བོད་སྐྱོར་བཀོད་འདོམས་པུའུ་ཡིས་ནག་ཆུར་རྣམ་གྲངས་གལ་ཆེན་13ནང་འདྲེན་བྱས་པ་དང་འདོད་མཐུན་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་65.89ཟིན་ཡོད་པ་རེད།
རྒྱང་རིང་ཀྲེ་ཅང་ནས་ནག་ཆུ་གྲོང་ཁྱེར་འབྲོག་ལས་ཚན་ཞིབ་དཔེ་སྟོན་རྟེན་གཞིར་དབོར་ཡོང་བའི་མཚོ་ལུག་20ཡང་མི་རིང་བར“གནས་སྤོ”བྱས་ནས་ལོ་གཅིག་འཁོར་བ་རེད།
ཡུལ་དེ་གའི་གསོ་སྤེལ་དུས་ཡུན་ཅུང་རིང་བའི་སེ་བའི་ལུག་དང་སྟོད་མའི་ལུག་དང་མི་འདྲ་བར་མཚོ་ལུག་གིས་ལོ་གཅིག་ལ་ལུ་གུ་ཐེངས་གཉིས་བཙའ་བ་དང་བཙའ་ཐེངས་རེར་ལུ་གུ་མང་པོ་བཙའ་ཡི་ཡོད།“ལུ་གུ་གཅིག་མང་དུ་བཙས་ན་འབྲོག་པར་ཡོང་འབབ་སྒོར་སུམ་བརྒྱ་བཞི་བརྒྱ་མང་དུ་གཏོང་ཐུབ། ང་ཚོས་རྒྱུད་པ་སྔར་བས་མང་བ་ཁྱབ་གདལ་བཏང་ནས་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཙས་མ་ཐག་པའི་མཚོ་ལུག་གི་ལུ་གུ་6སྟོན་བཞིན་ནག་ཆུ་གྲོང་ཁྱེར་འབྲོག་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཕྱུགས་རིགས་སྨན་པ་སྒྲོལ་མ་མཚོས་འཛུམ་དམུལ་དམུལ་ངང་བརྗོད།
སྣ་ཁ་གསར་པ་དང་། ཐོན་ལས་གསར་པ། རེ་བ་གསར་པ། དུས་ཡུན་རིང་པོའི་ནང་རང་བྱུང་ཁོར་ཡུག་ཞན་པས་ནག་ཆུའི་སྔོ་ཚལ་དང་ཤིང་ཏོག་སོས་པ་རང་མཁོ་རང་གསོ་ཐུབ་ཚད་ཧ་ཅང་དམའ་པོ་ཡོད། ད་ཆ་ཀྲེ་ཅང་གིས་རོགས་སྐྲུན་བྱས་པའི་རིག་ནུས་དྲོད་ཁང་ཆེན་པོ་4500ཡི་ནང་སུར་པན་དང་། ཧོང་ཀྭ ཆིན་ཚལ་བཅས་སྔོ་ཐིང་ཐིང་དུ་སྐྱེས་པ་དང་ཐ་ན་ཆུ་ཤིང་སོགས་ཚ་ཁུལ་གྱི་རྩི་ཤིང་ཡང་མཐོང་རྒྱུ་ཡོད།
“དེ་ནི་སྒྲིག་བཀོད་འདེབས་གསོ་དང་། སྐྱེ་ཁམས་སྔོ་འགྱུར། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས། ཚན་རིག་ཁྱབ་གདལ་སློབ་གསོ། ལས་ཞུགས་གསོ་སྦྱོང་སོགས་བྱེད་ནུས་མང་པོ་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཞིང་ལས་ཕྱོགས་བསྡུས་སྒྲིག་གཞིའི་རྣམ་གྲངས་ཤིག་རེད། གཟའ་མཇུག་སླེབས་རིམ་བཞིན་ཕ་མ་བུ་ཕྲུག་ཚོས་མཉམ་དུ་སྔོག་འཐུ་བྱེད་པའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་། ན་ནིང་འདི་གར་ཡུལ་སྐོར་བ་མི་ཐེངས་ཁྲི་གསུམ་བཞི་སླེབས་ཡོད”ཅེས་རྣམ་གྲངས་ཀྱི་འགན་འཁུར་བ་ཀའོ་ཀུའུ་ཕེང་གིས་ངོ་སྤྲོད་བྱས།
ནག་ཆུ་གྲོང་ཁྱེར་གྱི་རྩྭ་སའི་སྤྱིའི་རྒྱ་ཁྱོན་ནི་ནག་ཆུའི་ས་ཁྱོན་གྱི་ཕྱེད་ཀ་ཡན་ཟིན་ཞིང་། ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་དུ་འབྲོག་ལས་དང་ཞིང་ལས་ཕུད་གཞན་ད་དུང་གང་ཞིག་འཕེལ་རྒྱས་གཏོང་ཐུབ་ཟེར་ན། ལྷ་རི་རྫོང་ལ་ང་ཚོར་དགོས་པའི་དྲིས་ལན་ཡོད་པ་སྟེ། དེ་ནི་ནུས་རྒྱུ་གསར་པའི་ཐོན་ལས་རེད།
ས་བབ་སྨི་4750ཟིན་པའི་གངས་རི་དང་རྩྭ་ཐང་དབར་དུ་འོད་ཤུགས་པང་ལེབ་མང་པོ་གྲལ་སྟར་བསྒྲིགས་པས་ཧ་ཅང་རྔམ་བརྗིད་ལྡན། ཀྲེ་ཅང་ནུས་རྒྱུ་ཚོགས་པས་མ་དངུལ་སྒོར་དུང་ཕྱུར་2.65བཏང་བའི་ཀྲའོ་ཝ་50ཡི་འོད་ཤུགས་ནུས་གསོག་རྣམ་གྲངས་སྐྲུན་མཇུག་འགྲིལ་ཉེར་ཡོད། “འདི་ནི་ལྷ་རི་རྫོང་གི་འོད་ཤུགས་གློག་ཁང་དང་པོ་ཡིན། ཡུལ་འདི་གར་འོད་འཕྲོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། གློག་འདོན་ཆུ་ཚོད་ཀྱི་གྲངས་འབོར་ནི་ཀྲེ་ཅང་གི་ལྡབ་གཉིས་ཙམ་ཡིན”ཞེས་རྣམ་གྲངས་ཀྱི་འགན་འཁུར་བ་ཧྲེན་ཁུང་ཁྲེང་གིས་བཤད་ཡོད།
དེང་རབས་འདེབས་ལས་དང་། གྲངས་འཛིན་ཞིང་ལས། ནུས་རྒྱུ་གསར་པའི་ཐོན་ལས་སོགས། ཉེ་བའི་ལོ་ཤས་རིང་ཀྲེ་ཅང་གིས་ཐོན་ལས་བོད་སྐྱོར་དེ་རོགས་སྐྱོར་བྱ་ཡུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐབས་ལམ་ནུས་ལྡན་དུ་བརྩིས་ནས་མཐའ་འཁྱོངས་ཀྱིས། རང་ངོས་ཀྱི་ཐོན་ལས་གསར་གཏོད་དང་ཆེད་ལས་ཁྲོམ་རའི་ལེགས་ཆ་དེ་ནག་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྲོམ་རའི་མངོན་མེད་ནུས་པ་དང་ཟུང་འབྲེལ་བྱས་པ་རེད།
ཐོབ་པར་དཀའ་བ་ཞིག་ནི་ཀྲེ་ཅང་ཚོང་པའི་སྟོབས་ལྡན་ལེགས་ཆ་ཡིས་ཡུལ་ལུང་དེར་འགྱུར་ལྡོག་གཏོང་བཞིན་ཡོད་པ་དེ་རེད།
“ཧྲེན་ལི་དུས་རབས་ཐང་ཆེན་ནག་ཆུར་བསྐྲུན་རྒྱུ་རེད་འདུག”
འཕྲེད་འགེལ་སྦྱར་ཡིག་ཆེན་པོ་བཀལ་བ་དང་དཀར་ཆ་དོད་པའི་ཤེལ་ཁྲ་སྒྲིག་སྦྱོར་བྱས་པ་སོགས་འདི་ལོའི་ཟླ་དགུ་པར་ནག་ཆུར་དོན་སྙིང་ལྡན་པའི་ཚོང་ལས་ཕྱོགས་བསྡུས་ཁྲོམ་ར་དང་པོ་སྒོ་ཕྱེ་ནས་ལས་གཉེར་བྱ་རྒྱུ་རེད་འདུག
“ཚོང་ར་ཕུད་ང་ཚོས་ཀྲེ་ཅང་གི་ཆེད་ལས་ཁྲོམ་རའི་རྣམ་པ་དེ་ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ལས་ཐད་སྤྱོད་ཀྱི་ཡིན། འབྱུང་འགྱུར་མི་སེར་རང་ཉིད་ཀྱིས་ཚོང་ཁང་འཛུགས་ཆོག་ལ་ལོ་ལྟར་སྒོར་དུང་ཕྱུར་ཟིན་པའི་དབྱར་རྩྭ་དགུན་འབུ་ཕྱིར་ཚོང་གི་དངུལ་འབོར་ལས་དངུལ་དེ་བས་མང་བ་ས་གནས་དེ་གའི་མི་སེར་གྱི་ལག་ཏུ་ཉར་ཐུབ་རྒྱུ་རེད”ཅེས་བོད་ལྗོངས་ཧྲེན་ལི་ཚོགས་པའི་ཏུང་ཧྲི་ཀྲང་ལིན་ཤིའུ་ལི་ཡིས་བརྗོད།
ཁོང་གིས་དབུན་ཀྲོའུ་ནས་ལྷ་སར་ཡོང་སྟེ་ལོ་35རིང་ཚོང་བརྒྱབ་ཅིང་། བོད་སྐྱོར་ལས་བྱེད་པས་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཐེངས་མང་ཞུས་པར་སེམས་འགུལ་ཆེན་པོ་ཐེབས་ནས་ཁོང་གིས་ནག་ཆུར་མ་རྩ་འཇོག་རྒྱུའི་སེམས་ཐག་བཅད།
འོན་ཀྱང་བརྗིད་ཉམས་ལྡན་པའི་ཐང་ཆེན་འདིར་ཚོང་ཁང་འཛུགས་མཁན་མེད་པས་སྟོང་པར་ལུས་གྲབས་བྱས་པ་དང་། ཚོང་ལས་ཕྱོགས་བསྡུས་རྣམ་གྲངས་ལ་རྒྱུས་མངའ་གཏན་ནས་མེད་པའི་ནག་ཆུའི་མཉམ་ལས་ཕྱོགས་ཀྱིས་གན་རྒྱའི་ལོ་ཚད་ལ་དོགས་པ་སྐྱེས་ནས་གྲོས་མཐུན་མ་བྱུང་བས། ཕྱོགས་གཉིས་ཏོག་ཙམ་མིན་ན་ཁ་གྱེས་པ་རེད། བོད་སྐྱོར་ལས་བྱེད་པ་ཚོས་རྒྱུན་ཆད་མེད་པར་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད་ཕྱོགས་གཉིས་པོའི་མི་མཐུན་ས་བསལ་བ་རེད། “དེ་ནི་གསོན་ཉམས་ལྡན་པའི་ཚོང་གཉེར་ཁོར་ཡུག་གི་སློབ་ཚན་ཞིག་རེད”ཅེས་ནག་ཆུའི་ལས་བྱེད་པས་མཐེ་བོང་སྒྲེང་བཞིན་བརྗོད།
རང་བྱུང་ཆ་རྐྱེན་ཞན་ཤོས་ཀྱི་ནག་ཆུར་2023ལོར་ཀྲེ་ཅང་གིས་རྒྱལ་ཡོངས་ཀྱི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17ཁྲོད་ནས“རྣམ་གྲངས་ལེགས་གྲུབ་ཟིན་ཚད”ཨང་གསུམ་པ་དང“ཚོང་འགུགས་མ་འདྲེན་ལེགས་གྲུབ་ཟིན་ཚད”ཨང་གཉིས་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད། “བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོར་ནག་ཆུ་ནས་བརྡ་ལན་ཡང་ཡང་གྲགས་བྱུང་།
“མི་རིགས་56སོ་སོ་ནི་སེ་འབྲུ་རེ་རེ་ཡིན་པ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་པོ་ཡིན”
བོད་དུ་ཡོང་བའི་ཉིན་དང་པོར་ཀྲེ་ཅང་ནས་འཁྱེར་ཡོང་བའི་ཆུ་དང་ས་ནག་ཆུའི་ས་གཞིར་གཏོར་བ་དེ་ནི་བོད་སྐྱོར་ལས་བྱེད་པའི“མཛད་སྒོ”འཚོགས་པའི་རྣམ་པ་ཅིག་རེད། དུས་དེ་ནས་བཟུང་ཕ་ཡུལ་དང་གཞན་ཡུལ་གྱི་ས་ཆུ་དང་ཁྲག་རྒྱུན་གཅིག་ཏུ་འདྲེས་པ་རེད།
ས་བབ་མཐོ་ཚད་སྨི་4700ཟིན་པའི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མི་དམངས་སྨན་ཁང་དུ་བོད་རིགས་སྤུན་ཟླ་ཚོས་རེ་བ་ཆེན་པོས་བོད་སྐྱོར་སྨན་པར་ལག་པ་གཏོང་བཞིན་འདུག འདས་ཟིན་པའི་ལོ་གསུམ་ནང་ཀྲེ་ཅང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཐོག་མས་ཆེད་ལས་ཚན་ཁག་གསོ་སྐྱོང་དང་ལམ་ལུགས་བསྐྱར་དུ་བཟོས་པས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ལོ་གཉིས་བསྟུད་མར་འཆི་རྨས་གཅིག་ཀྱང་བྱུང་མེད།
མིག་སྔར། ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པས་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་དུ“སྤྲིན་སྟེགས་སྨན་བཅོས་ཁང”བསྐྲུན་རྩིས་ཡོད་ལ། ལེ་དབར་སྟོང་གི་ཕ་རོལ་ཀྲེ་ཅང་གི་རིགས་གཅིག་མཁས་ཅན་གྱིས་དུས་ངེས་མེད་དུ་ས་གནས་དེ་གའི་མི་སེར་ལ་དྲ་ཐོག་ནས་བརྟག་དཔྱད་བློ་འདྲི་བྱེད་ཐུབ་ཀྱི་ཡོད།
“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་མཁོ་བའི་སྨན་བཅོས་དང་སློབ་གསོ་སོགས་ཐད་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་གནས་ཚུལ་དངོས་ལ་གཞིགས་ནས་གསར་གཏོད་དང་ལག་ལེན་བསྟར་བའི་བོད་སྐྱོར་བྱེད་ཐབས་ཤིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། “མི་རིགས་56ནི་སེ་འབྲུ་རེ་རེ་ཡིན་པ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་པོ་ཡིན”ཞེས་བོད་ལ་རྟོག་ཞིབ་གནང་སྐབས་ཁོང་གིས་དེ་ལྟར་གསུངས་ཡོད། ལོ་30ཡི་རིང་གཏིང་རིང་པོ་མེད་པ་ནས་གཏིང་ཟབ་མོའི་བར་དང་། མིག་མདུན་ནས་ཕུགས་འཕེར་གྱི་བོད་སྐྱོར་འཐབ་ཇུས་དེ་དག་ལས་མེས་རྒྱལ་གྱི་ཤར་ནུབ་སྣེ་གཉིས་སུ་གནས་པའི་ཀྲེ་ཅང་དང་ནག་ཆུ་གཉིས་ཁ་འབྲལ་ཐབས་མེད་པར་གྱུར་ཡོད།
1995ལོར་བོད་སྐྱོར་ལས་བྱེད་པ་ཅང་ཅུན་གྱིས་རོགས་སྐྱོར་ཞུ་ཡིག་ཞིག་ནག་ཆུ་ནས་བསྐུར་ཏེ་རི་ལུང་མང་པོ་བརྒལ་རྗེས་ཤིས་ཙི་ཧུའུ་ཡི་མཚེའུ་འགྲམ་དུ་འབྱོར། དེ་རྗེས་གཅེས་སེམས་དགེ་སྒྲུབ་ཀྱི་དངུལ་སྒོར་ཁྲི་225ས་མཐོར་བཏང་ནས་ཕུགས་རེའི་སློབ་ཆུང་4བསྐྲུན་ཐུབ་ཡོད།
དེ་དུས་མཁྲེགས་ཆས་ལ་འགྱུར་ལྡོག་བྱུང་བ་མ་ཟད། མི་ཚེའི་ལས་དབང་ལའང་འགྱུར་ལྡོག་བྱུང་ཡོད། ཉེ་བའི་ལོ་30ཡི་རིང་ཕུགས་རེའི་སློབ་ཆུང་ནས་འཚར་ལོངས་བྱུང་བའི་སློབ་ཕྲུག་ཚོས“བརྩེ་དུང་དང་རེ་བའི་ས་བོན”བསྣམས་ཏེ་ཕ་ཡུལ་དུ་ལོག་ནས་དྲིན་ལན་འཇལ་ཡོད། ད་ཆ་ནག་ཆུའི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་དང་2023ལོའི་མཐོ་རྒྱུགས་ནང་ཞུགས་ཚད་95.56%ཟིན་ཡོད།
ཀྲེ་ཅང་གི་སློབ་གསོའི་བོད་སྐྱོར་ནི་སྔར་བཞིན་མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་མཉམ་འགུལ་ཆེན་པོ་ཞིག་རེད།
དབྱར་དུས་སུ་ཀྲེ་ཅང་ཧྲའོ་ཤིང་བོད་ལྗོངས་མི་རིགས་སློབ་འབྲིང་ནས་བོད་རིགས་སློབ་མ་200ཙམ་སླར་ཡང་སློབ་མཐར་ཕྱིན་ཡོད། ཁ་བྲལ་ཐེངས་རེར་སློབ་མ་མང་པོས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ནས་ཡང་ཡང་དོན་ཏེ་དགེ་རྒན་ལ་འཐམ་བཞིན་བྲལ་འདོད་གཏན་ནས་བྱེད་ཀྱི་མེད།
1985ལོར་བཙུགས་པའི་ཧྲའོ་ཤིང་བོད་ལྗོངས་མི་རིགས་སློབ་འབྲིང་ནི་ནང་སར་བཙུགས་པའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)ཁག་དང་པོའི་གྲས་ཤིག་ཡིན། 2004ལོའི་ཟླ་5ཚེས་25ཉིན་མ་དངུལ་བསྡོམས་སྒོར་ཁྲི་3800བཏང་བའི་སློབ་གྲྭ་གསར་པ་བསྐྲུན་ཟིན་པ་དང་། སྐབས་དེ་དུས་ཀྲེ་ཅང་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་བཞིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད།
ལོ་འདི་དག་རིང་ཏང་ཀྲུང་དབྱང་གིས་བོད་ཀྱི་དཀའ་ཚེགས་ཧ་ཅང་ཆེ་བའི་ལས་ཀ་དང་འཚོ་བ་གཞིར་བཟུང་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་བཏོན་གནང་ནས་ལས་བྱེད་པ་དང་ལས་བཟོ་ཚོའི་སེམས་ཁྲལ་བསལ་ཡོད།
ཁོང་ཚོས་དཀའ་ཚེགས་སྐོར་གླེང་འདོད་མེད་མོད། འོན་ཀྱང་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ནན་བཤད་གནང་བའི་རྒྱ་ཡིག་གི་ཡིག་འབྲུ་19གླེང་སྲིད། དེ་ནི་གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་རེད།
ནག་ཆུར་སླེབས་མྱོང་བའི་མི་ཚང་མས་ཤེས་གསལ་ལྟར། ས་མཐོའི་འཁྱགས་སའི་སྟེང་དུ་སྡོང་པོ་གཅིག་ཀྱང་འཛུགས་དཀའ་བ་རེད། འོན་ཀྱང་གཅིག་མཇུག་གཉིས་མཐུད་དུ་ཡོང་བའི་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་ཚོས་སྔ་ས་ནས་རང་ཉིད་སྡོང་པོ་ཞིག་ཏུ་བརྩིས་ནས་སྙིང་རུས་ཆེན་པོས་སྐྱེ་འཚར་ཡོང་བར་བྱས་ཏེ། ས་གཞི་ཡངས་པོ་འདིར་རྩ་བ་ཚུགས་ནས་ནགས་ཚལ་དུ་འགྱུར་བའི་ངོ་མཚར་གཏོད་ཐུབ་རེ་བྱེད་ཀྱི་ཡོད།