དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་བའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-06-29

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགག་རྩ་དེ་ཚན་རྩལ་དེང་རབས་ཅན་ལ་ཐུག་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩ་ཚན་རྩལ་རང་ཚུགས་རང་དར་ལ་ལྟ་དགོས། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། དུས་བབ་གསར་པའི་འོག་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་མྱུར་བྱེད་པའི་གཞི་རྩའི་ནང་དོན་དང་ལས་འགན་གཙོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་གནང་ཡོད་ལ།“རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུར”དམིགས་ནས་བཀོད་སྒྲིག་གལ་ཆེན་ཡང་གནང་ཡོད།

    ད་བར་དུ་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། དེ་འདྲ་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དོན་ཆེན་བསྒྲུབས་ཤིང་། གཙོ་གནད་ལ་དམ་འཛིན་དང་། རྩེར་སོན་ལ་དམ་འཛིན། རྨང་གཞིར་དམ་འཛིན་བཅས་བྱས་པ་དེ་རེད། དུས་རབས་གསར་པའི་ཚུན་དུ“ཟླ་བའི་ལྷ་མོ”ཡིས་ཟླ་བ་བཟུང་བ་དང་། “མཁའ་མཐུན”མཁའ་དབྱིངས་སུ་བཅའ་སྡོད།“མཁའ་འདྲི”ཡིས་སྐར་མ་མིག་དམར་ལ་འཚོལ་ཞིབ་བྱས་པ་བཅས་ནས་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲས་ཚོང་དོན་འཕུར་སྐྱོད་བྱུང་བ་དང་མྱུར་བགྲོད་ལྕགས་ལམ་གྱི་ལག་རྩལ་ཐད་རྒྱལ་སྤྱིའི་ཚད་འཛིན་སར་གྱུར་པ་ལ་སོགས་རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་བ་དང་། ཚན་རྩལ་གསར་གཏོད་སྒྲིག་འཛུགས་བྱེད་མཁན་གལ་ཆེན་ཡིན་པའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ཚན་རྩལ་འགག་སྒྲོལ་ལ་སྣེ་ཁྲིད་བྱས་པས་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་རྒྱུན་ཆད་མེད་པར་འབུར་དུ་ཐོན་ཡོད། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཉིས་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་ལག་རྩལ་མཐོ་བའི་ཁྱབ་ཁོངས་དེ་རྒྱལ་སྤྱིའི་འགྲན་རྩོད་ཀྱི་འཐབ་ས་མདུན་ཤོས་དང་གཡུལ་ས་གཙོ་བོར་གྱུར་ཏེ། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་མོད། འོན་ཀྱང་ཐོག་མའི་གསར་གཏོད་ནུས་པ་སྔར་བཞིན་ཅུང་ཆུང་བ་དང་འགག་རྩའི་ལྟེ་བའི་ལག་རྩལ་ཁ་ཤས་སྔར་བཞིན་གཞན་ལ་བརྟེན་དགོས་ཀྱི་ཡོད། རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཚེ། ཚན་རྩལ་གྱི་སྲོག་རྩ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་གཞི་ནས་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ།

    སྤྱི་ཡོངས་ལ་ཞིབ་ལྟ་དང་། ཁྱོན་ཡོངས་ནས་ཇུས་འགོད། རྩ་བ་ནས་དམ་འཛིན་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ལ་ཕྱོགས་སྡོམ་གཏིང་ཟབ་གནང་ནས“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ”ཨང་དང་པོར་བཞག་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཚན་རྩལ་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གིས་ཚན་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་།

    ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བཅས་གནང་སྟེ། ཚན་རྩལ་བྱ་གཞག་དེ་ཉིད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་དུ་འཕེལ་རྒྱས་འགྲོ་བར་འགན་ལེན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་བཙུགས་པ་དེ། ཏང་ཀྲུང་དབྱང་གི་ཐབས་ཇུས་གཏན་འབེབས་དང་དོན་གྲོས་མཐུན་སྦྱོར་ལས་ཁུངས་ཡིན་པའི་ངོས་ནས་ཚན་རྩལ་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་དང་། ཁ་ཕྱོགས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་གནད་དོན་ལ་སྤྱི་འདོམས་ཐག་གཅོད་བྱེད་ཀྱི་ཡོད། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་ཚན་རྩལ་གསར་གཏོད་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན་ལུགས་ལག་ལེན་ཐོག་ནས་ར་འཕྲོད་གསལ་པོ་ཐུབ་ཡོད། རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པར་འགག་རྩ་དེ། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཐབ་ཇུས་འཆར་འགོད་དང་། སྲིད་ཇུས་བྱེད་ཐབས། ལས་འགན་གལ་ཆེན། ཚན་ཞིབ་སྟོབས་ཤུགས། ཐོན་ཁུངས་ལས་སྟེགས། ཁུལ་ཁོངས་གསར་གཏོད་སོགས་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་དང་ལས་ཕྱོད་ཆེ་བའི་ཐབས་ཇུས་བཀོད་འདོམས་མ་ལག་དང་སྒྲིག་འཛུགས་ལག་བསྟར་མ་ལག་འཛུགས་པ་བཅས་བྱས་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུར་ཐུག་ཡོད།

    གསར་གཏོད་ནི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་རེད། རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པར་ངེས་པར་དུ་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྤྱི་འདོམས་དང་། སྟོབས་ཤུགས་གཅིག་སྡུད། སྒྲིག་སྲོལ་ལེགས་གཏོང་། མཉམ་ལས་འགག་སྒྲོལ་བཅས་བྱེད་དགོས། ཁྲོམ་རའི་ནུས་པ་དང་སྲིད་གཞུང་གི་ནུས་པ་ནི་གཅིག་ཕན་གཅིག་རོགས་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་གསབ་རེས་བཅས་བྱེད་པ་ཞིག་ཡིན་པས། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སྲིད་གཞུང་གི་ཕྱོགས་ཁག་གི་ནུས་པ་འདོན་སྤེལ་གང་ལེགས། ཐོན་སློབ་ཞིབ་གསུམ་གྱི་ལྷུ་ཚིགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བཅས་བྱས་ནས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ནི་རྒྱལ་ཁབ་ཀྱི་འདོད་བློ་མཚོན་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི་ཆུ་ཚད་མངོན་པ་བཅས་ཀྱི་ཚན་རྩལ་གྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚུགས་གནས་དང་བཀོད་སྒྲིག་ལེགས་སུ་གཏོང་བ། རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གཞི་གཅིག་ཅན་གྱི་ནུས་པ་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་དེང་གི་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་དགོས་ལ། རང་ཉིད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་གྱི་སྟོན་ཕྱོགས་དང་དགོས་མཁོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་གནད་ཆེར་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ཁྱབ་ཁོངས་གལ་ཆེན་ཁག་གཅིག་ཏུ་ཚན་རྩལ་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དང་ཚན་རྩལ་རྣམ་གྲངས་གལ་ཆེན་གསར་པ་ཁག་གཅིག་མདོར་བསྡུས་དོན་གསལ་གྱིས་ལག་ལེན་བསྟར་ཏེ། འགྲན་རྩོད་ཀྱི་ལེགས་ཆ་ཆགས་པར་བྱས་ནས་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་དེ་ཞིབ་འཇུག་ནས་བེད་སྤྱོད་དང་དེ་ནས་ཐོན་སྐྱེད་བར་གྱི་ཚན་རིག་ཞིབ་འཇུག་འབྲེལ་ཐག་གི་སྣེ་མོར་ཡོད། དེས་ན་རྨང་གཞི་བརྟན་པོ་བཏིང་ཚེ་ཚན་རྩལ་གྱི་བྱ་གཞག་ཆེན་པོ་གཞི་ནས་བརྟན་པོར་གནས་ཐུབ། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་དང་། འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་དང་རྒྱབ་སྐྱོར་བརྟན་པོ་ཟུང་འབྲེལ་གྱི་གཏོང་ཆའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་གི་གནད་དོན་གལ་ཆེན་ལ་ཕྱོགས་པའི་མཉམ་ལས་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང་ཆབས་ཅིག རང་མོས་འཚོལ་ཞིབ་ལ་ལྕག་སྐུལ་བྱས་ཏེ་ཐོག་མའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཧུར་ཐག་འདོན་པ་དང་དམའ་རིམ་ལག་རྩལ་གྱི་རྩ་བའི་རིགས་པ་ཁོང་དུ་ཆུད་པ་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་དང་གཞི་གདན་བརྟན་དུ་གཏོང་དགོས།

    ཚན་རྩལ་རང་ཚུགས་རང་དར་ནི་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བའི་རྨང་གཞི་དང་བདེ་འཇགས་ཀྱི་གཙོ་གནད་ཡིན། “ནུས་ཤུགས་མང་པོ་གཅིག་ཏུ་བསྒྲིལ་ན་མི་འགྲུབ་བྱ་བ་གང་ཡང་མེད”མདུན་སྐྱོད་ཀྱི་ལམ་བུར་ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་སོགས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཚེ། ང་ཚོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་འཐབ་ཇུས་དམིགས་ཚད་དེ་ཟམ་མི་ཆད་པར་དོན་དངོས་སུ་སྒྱུར་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།