བརྩེ་བ་ཟབ་མོ་འཆང་བ་དང་མངགས་བཅོལ་ནན་པོ་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཕྲིན་ལན་སྤྲིངས་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།
ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཕྲིན་ལན་སྤྲིངས་ནས། ཅིང་ཉིང་རྫོང་བཙུགས་ཏེ་ལོ་40འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཅིང་ཉིང་འཕེལ་རྒྱས་གཏོང་བར་ཐུགས་རེ་ནན་པོ་གནང་བ་རེད།
ཐུགས་ཁུར་ཟབ་མོ་འཆང་བ་དང་མངགས་བཅོལ་ནན་པོ་གནང་ཞིང་། ཅིང་ཉིང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་མི་རིགས་ས་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས། ཅིང་ཉིང་འདི་ཉིད་གཞི་རིམ་ལས་དོན་གྱི་འབྲེལ་གཏུག་ས་ཚིགས་སུ་བརྩི་བ་དང་ཀྲུང་དབྱང་དུ་ཕྱག་ལས་གནང་འགོ་ཚུགས་ཚུན་ཅིང་ཉིང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་རེད། “སྤྱི་ཁྱབ་ཧྲུའུ་ཅིའི་ད་ཐེངས་ཀྱི་འཕྲིན་ལན་ནང་ཧྲེ་ཤང་གི་ས་གཞི་ཆེན་པོར་བརྩེ་བ་ཟབ་མོ་འཆང་བ་དང་ཅིང་ཉིང་གི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང་ཐུགས་རེ་ཟབ་མོ་གནང་བ་ལས་ང་ཚོ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་ཆེན་པོ་ཐེབས་བྱུང”ཞེས་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གི་རྫོང་ཨུད་ཧྲུའུ་ཅི་ཝུང་ཀྲི་ཧུང་གིས་བརྗོད།
རྫོང་བཙུགས་ནས་ལོ་40སོང་རིང་། ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཅིང་ཉིང་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རེས་སྐོར་བཞི་བཏོན་པ་དང་། ཅིང་ཉིང་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱུན་མཐུད་ངང་འབད་འཐབ་བྱས་ཏེ་ཧྲེ་ཤང་གི་ཁྱད་ཆོས་དང་། རི་ཁུལ་གྱི་ཁྱད་ཆོས། རྗེས་ཐོན་གྱི་ཁྱད་ཆོས་བཅས་ལ་གཞི་ཚུགས་ནས་སྐྱེ་ཁམས་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། ཝུང་ཀྲི་ཧུང་གིས། གོམ་སྟབས་རྗེས་མར་ཅིང་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་འགན་འཁྲི་གསར་པ་དང་བླང་བྱ་གསར་པ་སྔར་བས་ཚད་གཞིར་འཛིན་ནས། སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། དམིགས་བསལ་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་གི་དཔེ་སྟོན་དང་མིག་དཔེར་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད།
ཀྲེ་ཅང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་པའོ་ཤིའུ་དབྱིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་དུས་རབས་གསར་པའི“ཁྲི་སྟོང་ལས་གྲྭ”མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་གྲོང་གསེབ་ཀྱི“རི་གཉིས”ཀྱི་བགྲོད་ལམ་རྒྱ་ཆེར་གཏོང་བ། ནུས་སེམས་གཅིག་སྒྲིལ་གྱིས“སེམས་མཐུན་འབྱོར་ཕྱུག”གི་ཁྱད་ལྡན་རྣམ་གྲངས་ཁག་གཅིག་གཏོད་པ། མི་རིགས་གྲོང་གསེབ་ཀྱི་མཉམ་སྡེབ་དང་ཞིང་དུད་གཉིས་ཀ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་པའི་འཕྲིན་ལན་ནང་ང་ཚོ་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོབ་ཡག་པོ་བྱེད་པ་བཅས་ཀྱི་དད་སེམས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བར་ལྕག་སྐུལ་གནང་ཡོད”ལིན་ཚང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཅན་ཧུའེ་ཡིས་ཐུགས་རེ་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་བ་དང་ལས་རྗེས་བཏོད་དེ་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་སྒོ་དབྱེ་རྒྱ་ཆེར་གཏོང་བ། མཐའ་མཚམས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་བརྗོད།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་ཆན་ཡིང་ཁྲོམ་གཞུང་སྡེ་ཁུལ་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྡེ་ཁུལ་གྱི“བདུན་གཅིག”བྱེད་སྒོའི་ལེ་ཚན་ནང་སྦྱོང་བྱེད་བཞིན་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་སློབ་སྦྱོང་ནན་ཏན་བྱས་པ་ལས་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་དང་མཐོང་ཆེན་གནང་ལུགས་དངོས་སུ་ཚོར་བྱུང་། ང་ཚོ་ཆན་ཡིང་ཁྲོམ་གཞུང་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་སྡེ་ཁུལ་ཞིག་ཡིན་པ་དེས་ང་ཚོར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྔར་བས་ཞིབ་ཚགས་དང་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད” ཆན་ཡིང་ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་ཀྲང་རུའོ་ལེ་ཡིས་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མི་རིགས་ཁག་གི་གྲོང་མིའི་སེམས་སུ་བཞད་ཐུབ་པར་བྱེད་ཀྱི་ཡིན་ཞེས་བརྗོད།
ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཐུང་ཤིན་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་མཱ་ཧུའེ་ཡིས། ཐུང་ཤིན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ནས་ཁྱད་ལྡན་ཞིང་ལས་སོགས་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཡག་པོ་གཉེར་རྒྱུ་དང་དུས་མཚུངས་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལོ་རྒྱུས་རིག་གནས་དང་། མི་རིགས་རིག་གནས། གསར་བརྗེའི་རིག་གནས་བཅས་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྟོབས་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅིས་ཉིང་ཞ་ལ་བཏོན་གནང་བའི“རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་སྐྲུན་བྱེད་དགོས་པའི”བླང་བྱ་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།