དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་དཀྱིལ་ཆུས་དབྱིན་མཱ་ཁྲོམ་གཞུང་གིས་ཁུལ་ཆུང་རྙིང་པའི་དོ་དམ་གྱི་དཀའ་གནད་བསལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2024-06-29

    ཟླ་6པར་མཚོ་སྔོན་ཟི་ལིང་དུ་ཆར་པ་མང་པོ་བབས། ཟི་ལིང་གྲོང་ཁྱེར་གྲོང་དཀྱིལ་ཆུས་དབྱིན་མཱ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ལི་ཙེ་ཅུན་གྱིས་ཉིན་ལྟར་ཤིན་མིན་ཁྲོམ་གཞུང་དང་ཁྲིམས་ཁང་ཁྲོམ་གཞུང་དུ་སྐོར་ཞིབ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་ལྟ་གི་ཡོད། ཁྲོམ་གཞུང་དེ་གཉིས་ནི་ཁོང་གི་འགན་གཙང་ལེན་གྱི་ཁྲོམ་གཞུང་རེད། དུས་ཡུན་རིང་པོའི་ནང་ལི་ཙེ་ཅུན་ལ་སེམས་ཁྲལ་ཞིག་ཡོད་པ་སྟེ། ཁུལ་ཆུང་རྙིང་པར་དོ་དམ་བྱེད་དཀའ་བ་དེ་རེད།

    དབྱིན་མཱ་ཁྲོམ་གཞུང་ནི་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་འཁྲུག་ཆ་དོད་སར་གནས་པ་དང་ཁོངས་གཏོགས་ཁུལ་དུ་ཁུལ་ཆུང་རྙིང་པ་49ཡོད། ལི་ཙེ་ཅུན་ལས་ཀར་ཞུགས་མ་ཐག་པའི་སྐབས་སུ་མང་ཚོགས་མི་ཉུང་བ་ཞིག་གིས་ཁུལ་ཆུང་གི་ས་འོག་ཆུའི་མདོང་ལམ་འགག་པའི་གནད་དོན་གོང་ཞུ་བྱེད་ཀྱི་ཡོད། “མདོང་ལམ་གཤོང་བ་དང་མདོང་ལམ་བརྗེ་བར་མི་རྒྱུ་དངོས་གསུམ་གཏོང་དགོས། ཡིན་ནའང་ཁུལ་ཆུང་མང་པོ་ཞིག་ལ་སྡེ་ལས་མེད་པས་སྒྲུབ་པར་དཀའ”བས་ལས་ཀར་སླེབས་མ་ཐག་པའི་ལི་ཙེ་ཅུན་ཐབས་ཟད་འུ་ཐུག་གི་གནས་སུ་གྱར།

    འདྲི་རྟོག་དང་བརྟག་ཞིབ་བྱས་པ་བརྒྱུད། ལི་ཙེ་ཅུན་གྱིས་ཁུལ་ཆུང་རྙིང་པའི་དོ་དམ་གྱི་དཀའ་གནད་མི་ཉུང་བ་ཞིག་ཤེས་པ་སྟེ། ཁུལ་ཆུང་གི་གད་སྙིགས་གཙང་སེལ་བྱེད་མཁན་མེད་པ་དང་། ཕྱིའི་རླངས་འཁོར་ཁུལ་ཆུང་ནང་གང་བྱུང་དུ་འཇོག་པ། སྡེ་ཁུལ་དུ་ལས་མི་མི་འདང་བ་དང་སྟོབས་ཤུགས་ཞན་པ་སོགས་རེད། འོན་ཀྱང་ལི་ཙེ་ཅུན་གྱིས་ཁུལ་ཆུང་རྙིང་པའི་དོ་དམ་གྱི་དཀའ་གནད་སེལ་རྒྱུའི་སེམས་ཐག་གཙང་མར་བཅད།

    ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་གྲོས་ཚོགས་ཐོག་ཚང་མས་ཐོག་མའི་བསམ་ཚུལ་བཏོན་ཞིང་། “ཁྲོམ་གཞུང་ནས་དོ་དམ་བྱེད་མཁན་མེད་པའི་ཁུལ་ཆུང་ཚང་མར་དོ་དམ་པ་རེ་གདན་ཞུ་བྱས་ཏེ་ཁུལ་ཆུང་གི་འགྲིམ་འགྲུལ་ཁྲིད་སྟོན་དང་རླངས་འཁོར་འཇོག་པའི་འགན་འཁུར་དུ་བཅུག་པ་དང་ཆབས་ཅིག ཁུལ་ཆུང་གི་གཙང་སྦྲའི་འགན་ཡང་འཁུར་དུ་བཅུག་ཡོད” “ཁུལ་ཆུང་གི་ཁང་བདག་གིས་དུས་བཀག་ལྟར་གཙང་སྦྲ་དང་འགྲིམ་འགྲུལ་གྱི་གླ་ཆ་དུད་ཚང་རེས་ཟླ་རེར་སྒོར་70ལྷག་ཙམ་སྐྱེལ་གྱི་ཡོད”ཅེས་ལི་ཙེ་ཅུན་གྱིས་ངོ་སྤྲོད་བྱས།

    སྐབས་དེ་དུས་ཐབས་ཤེས་དེས་ཁུལ་ཆུང་རྙིང་པའི་དོ་དམ་གྱི་དཀའ་གནད་གཙོ་བོ་སྟེ་འཕྲོད་བསྟེན་དང་འགྲིམ་འགྲུལ་གྱི་གནད་དོན་ཐག་གཅོད་ཐུབ་པ་རེད། “དབྱིན་མཱ་ཁྲོམ་གཞུང་གི་དོ་དམ་ཁོངས་གཏོགས་སུ་སྡེ་ཁུལ་3ཡོད་པས་སྡེ་ཁུལ་ཚང་མར་མང་ཤོས་ལའང་ལས་ཀ་བྱེད་མཁན་10ལས་མེད་རྐྱེན་ཁང་བདག་གིས་རེ་བ་བཏོན་པའི་ལས་ཀ་ཚང་མ་མི་བཅུ་པོ་དེ་དག་གི་མགོ་ཐོག་ཏུ་འབབ་ཀྱི་ཡོད། ཁུལ་ཆུང་ལ་དོ་དམ་པ་བསྐོས་རྗེས་ལས་ཀའི་སྟོབས་ཤུགས་ཆེ་རུ་ཕྱིན་སོང”ཞེས་རིག་གནས་ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཧྲུན་ཅིན་གྱིས་བཤད།

    ཡིན་ནའང་། དེ་ལྟར་དུས་ཡུན་གང་འཚམ་སོང་རྗེས་ཞན་ཆ་རིམ་བཞིན་མངོན་ཞིང་། “དེ་ཡང་གཙོ་བོ་ཞབས་ཞུའི་སྤུས་ཚད་ཀྱི་གནད་དོན་རེད། དོ་དམ་པའི་འཇོན་ཐང་དང་སེམས་ཤུགས་མི་འདང་བས་ཁུལ་ཆུང་རྙིང་པའི་དུད་ཚང་ལ་ཁྱིམ་ཚང་གི་ཉམས་བཟོ་དང་ཁུལ་ཆུང་གི་མདོང་ལམ་བརྗེ་བ་སོགས་ཀྱི་ཞབས་འདེགས་ཞུ་ཐབས་བྲལ། དེར་བརྟེན་དེའི་ཐད་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད”ཅེས་ལི་ཙེ་ཅུན་གྱིས་བཤད།

    ད་ཐེངས། ལི་ཙེ་ཅུན་ཁྲོམ་ར་ཅན་གྱི་ཐབས་ལམ་དུ་སྐྱོད་རྩིས་ཡོད། ཁོང་གིས་ཁྲོམ་གཞུང་དུ་སྨི་ངོས་གྲུ་སྟོང་ལ་ཉེ་བའི་བེད་མེད་ཀྱི་ཁང་པ་སྟར་པ་གཅིག་ཡོད་པ་མཐོང་ནས་ལི་ཙེ་ཅུན་གྱིས་ལས་རོགས་དང་མཉམ་དུ་ཁང་པའི་གཙོ་གཉེར་སྡེ་ཚན་དང་གྲོས་མོལ་ཐེངས་འགའ་བྱས་རྗེས། སྡེ་ཚན་ནས་ཁང་གླ་མི་དགོས་པར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལ་གཡར་ཆོག་པའི་ཁས་བླངས་མོད། འོན་ཀྱང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཁེ་གཉེར་བྱེད་མི་ཆོག་པའི་རེ་བ་བཏོན།

    ལི་ཙེ་ཅུན་གྱི་བསམ་ཚུལ་ཡང་ཁེ་གཉེར་མིན་པར་དེར་ཚོང་དུད་འགུག་ཆེད་རེད། “ང་ཚོས‘བྱ་གཞག་པུའུ’མི་འདྲ་བ་བཙུགས་ནས་སྡེ་ཁུལ་གྱི་ལས་དོན་པས་གད་སྙིགས་གཙང་སེལ་དང་། སྡེ་ཁུལ་གྱི་རྒན་གསོ། སྒུལ་བདེའི་སྐོར་ཞིབ་སོགས་ཞབས་འདེགས་ཞུ་མཁན་ཆེད་ལས་ཀུང་སི་དང་འབྲེལ་བ་བྱས་ནས་ད་ཆ་ང་ཚོས་ཁང་པ་ཚང་མ་ཀུང་སི་དེ་དག་ལ་ཁང་གླ་མི་དགོས་པར་སྤྲད་ནས་གཉེར་སྐྱོང་བའི་མ་གནས་གྲོན་ཆུང་དང་ཁོང་ཚོའི་ལས་གཉེར་ལ་རོགས་སྐྱོར་བྱས་པ་ཡིན”ཞེས་ལི་ཙེ་ཅུན་གྱིས་ངོ་སྤྲོད་བྱས།

    ལོ་41ལ་སླེབས་པའི་ལི་ཏུང་ཀྲན་མཚོ་སྔོན་དུ་ལས་ཀར་ཡོང་ནས་ལོ་20ལྷག་ཙམ་སོང་ཞིང་། དཀའ་སྡུག་ལ་མི་སྐྲག་པའི་སེམས་ཤུགས་ལ་བརྟེན་ནས་ཁོང་གིས་དབྱིན་མཱ་ཁྲོམ་གཞུང་གི་མདོང་དྲ་གཙང་སེལ་དང་ཁྱིམ་ཚང་གི་ཉམས་བཟོའི་ཞབས་ཞུ་རྩིས་བླངས་ནས་ཞབས་ཞུའི་རྣམ་གྲངས་ཡག་ལ་གླ་རིན་ཡང་འཚམ་པོ་ཡོད། “ང་ཚོར་ད་དུང་གཏན་འབེབས་ཤིག་ཡོད་པ་སྟེ། གལ་ཏེ་མི་ཧྲེང་རྒན་རྒོན་ཡིན་ན་སྒོར་300མན་གྱི་ཉམས་བཟོར་རིན་པ་ལེན་གྱི་མེད”ཅེས་ལི་ཏུང་ཀྲན་གྱིས་བཤད།

    མིག་སྔར་དབྱིན་མཱ་ཁྲོམ་གཞུང་དུ་ཆེད་ལས་ཀུང་སི་14བཅའ་སྡོད་བྱས་པའི་ནང་ལི་ཏུང་ཀྲན་གྱི་ཁྱིམ་ཚང་ཉམས་བཟོའི་ས་ཚིགས་ཕུད་ད་དུང་ལིང་ཅེ་ཁྱིམ་ལས་ཀུང་སིས་འགན་འཁུར་བའི་ཁྱིམ་ལས་ས་ཚིགས་དང་། སྒྲུབ་རོགས་ལྟེ་གནས། དམངས་ཕན་ཚོང་ཁང་སོགས་ཡོད། “ཆེད་ལས་ཀུང་སི་བཅའ་སྡོད་བྱས་པ་དང་ཆབས་ཅིག ང་ཚོས་ད་དུང“སྐར་གསོག་བརྗེ་རེས”ཀྱི་བྱེད་ཐབས་ཀྱང་བཏོན་ནས། མང་ཚོགས་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་ཚེ་ཆེད་གཏོགས་སྐར་གསོག་གཱ་ལ་སྐར་མ་5ནས་10བར་སྤྲད་དེ་སྐྲ་བཞར་བ་དང་། ཁང་པར་གཙང་སྦྲ་བྱེད་པ། ལྟ་སྐྱོང་པ། ལུམས་བཅོས་སོགས་ཀྱི་ཞབས་ཞུ་དང་བརྗེ་ཆོག”ཅེས་ལི་ཙེ་ཅུན་གྱིས་བཤད།

    ད་ཆ་དབྱིན་མཱ་ཁྲོམ་གཞུང་གི་ཁུལ་ཆུང་རྙིང་པའི་དོ་དམ་རིམ་བཞིན་ཚད་ལྡན་དུ་འགྲོ་བཞིན་ཡོད། ལི་ཙེ་ཅུན་གྱིས“གསར་གཏོད་དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར། ང་ཚོས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་འཚོལ་ཞིབ་བྱེད་དགོས་པ་མ་ཟད། ད་དུང་གནས་ཚུལ་དངོས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་ཚེ་གཞི་ནས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ཞབས་འདེགས་ཞུ་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།