དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སྒར་རྫོང་སེང་གེ་སྡེ་ཁུལ་གྱིས།

    བརྩེ་བ་ཟབ་མོས་ལྟ་རེས་སྐྱོང་རེས་བྱས། ལག་གདང་སྦྲེལ་ནས་བདེ་སྐྱིད་འཚོ་བ་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-29

    མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་སྡེ་ཁུལ་དུ་རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་15འཚོ་སྡོད་བྱེད་བཞིན་ཡོད་ཅིང་། སྡེ་ཁུལ་དེ་ནི་མངའ་རིས་ས་ཁུལ་གྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་སྡེ་ཁུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། སེང་གེ་སྡེ་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཡུལ་མི་ཚོའི་ཡོང་འབབ་ཇེ་མང་དང་འཚོ་བ་ཇེ་ལེགས་སུ་ཕྱིན་པ་མ་ཟད། ད་དུང་མི་རིགས་ཁག་གི་ཡུལ་མིའི་དབར་གྱི་མཛའ་བརྩེ་ཡང་ཇེ་ཟབ་ཏུ་ཕྱིན་ནས་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད། 2023ལོར་སེང་གེ་སྡེ་ཁུལ་ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    སེང་གེ་སྡེ་ཁུལ་གྱི་ཡུལ་མི་པད་མ་དབྱངས་ཅན་གྱི་ཁྱིམ་གྱི་མགྲོན་བསུ་ཁང་རྒྱ་ཆེ་ཞིང་དཀར་ཆ་དོད་ལ། ཚོན་ལྡན་བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་མ་ཚང་བ་ཡོད་ཅིང་། པད་མ་དབྱངས་ཅན་གྱིས་སེམས་རྩ་འཁོལ་པོས་ཚང་མར་སྣེ་ལེན་བྱེད་ཞོར་དུ་ཇ་བསྲུབས་མ་བླུགས་བྱུང་།

    སྔོན་ཆད། པད་མ་དབྱངས་ཅན་གྱི་ནང་མི་8ཚང་མ་གུ་དོག་པའི་གུར་གཅིག་གི་ནང་འཚང་ཁ་བརྒྱབ་ནས་སྡོད་དགོས། གང་དུ་རྩྭ་ཆུ་འཛོམས་ན་དེ་གར་རུ་སྤོ་དགོས། ནང་མི་ཚང་མའི་འཚོ་བ་ཕྱུགས་ཟོག་ལ་བརྟེན་དགོས་ཤིང་། ལོ་རེའི་ཡོང་འབབ་སྒོར་3000ཡང་ཟིན་གྱི་མེད། ད་ཆ་ལྟར་ཉིན་གང་པོར་ཆུ་གློག་གང་འདོད་བེད་སྤྱོད་བྱེད་པའི་ཆ་རྐྱེན་འདི་འདྲ་སྔོན་ཆད་བསམ་པའི་ཡུལ་དུ་ཡང་འཁོར་དཀའ།

    2005ལོར་པད་མ་དབྱངས་ཅན་སེང་གེ་སྡེ་ཁུལ་དུ་མནའ་མར་ཡོང་། ཕྱིས་སུ་ཁོ་མོའི་ཁྱོ་ག་ན་ནས་གྲོངས་པས་དཔལ་འབྱོར་གྱི་ཡོང་ཁུངས་རྦད་དེ་མེད་པར་གྱུར། ད་དུང་ཕྲུ་གུ་གཉེར་སྐྱོང་བྱེད་དགོས་པས་ཁོ་མོའི་འཚོ་བ་ཧ་ཅང་ཉམས་རྒུད་དུ་སོང་ཡོད། སེང་གེ་སྡེ་ཁུལ་གྱི་ལས་དོན་མི་སྣས་པད་མ་དབྱངས་ཅན་གྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཁོ་མོ་མ་མཐའི་འཚོ་བ་འགན་ལེན་བྱེད་ཁོངས་སུ་བཅུག

    སྡེ་ཁུལ་གྱིས་མཐུན་སྦྱོར་བྱས་པ་བརྒྱུད་པད་མ་དབྱངས་ཅན་ལ་ལས་ཀ་ཞིག་རག་པས་ཁོ་མོར་ཡོང་འབབ་བརྟན་པོ་བྱུང་། དེས་མ་ཟད་ད་དུང་སྡེ་ཁུལ་གྱི་རོགས་རམ་འོག པད་མ་དབྱངས་ཅན་གྱིས་རང་ཁྱིམ་གྱི་ཁང་པ་སྟོང་པ་དག་བོགས་མར་བཏང་ནས་ཡོང་འབབ་གསོག་འགོ་ཚུགས།

    “བོགས་ཁང་ནང་སྡོད་མཁན་མང་པོ་བྱུང་ཚེ་ལོ་རེར་སྒོར་ཁྲི་1ལྷག་རག་གི་འདུག དེའི་ཁར་ལོ་རེའི་གཏན་འཇགས་གླ་ཕོགས་སྒོར་ཁྲི་2ལྷག་ཙམ་དང་དེ་བཞིན་རྒྱལ་ཁབ་ཀྱི་ཁ་གསབ་སྣ་ཚོགས་བསྣན་ཚེ་ངའི་ནང་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཡོད་པས། སྔོན་ཆད་དང་བསྡུར་ན་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་ཡོད། འདི་དག་ཚང་མ་སྡེ་ཁུལ་གྱི་བཀའ་དྲིན་ཡིན”ཞེས་པད་མ་དབྱངས་ཅན་གྱིས་བཤད།

    ཉེ་བའི་ལོ་ཤས་རིང་གི་སྡེ་ཁུལ་གྱི་འཕེལ་རྒྱས་སྐོར་གླེང་སྐབས། ཚང་མས་སེང་གེ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་གླེང་གི་འདུག

    ཉི་མ་ནི་2005ལོར་སེང་གེ་སྡེ་ཁུལ་གྱི་ཨུ་ཡོན་བྱས་པ་དང་། 2011ལོར་སེང་གེ་སྡེ་ཁུལ་ཡུལ་མི་ཨུ་ལྷན་གྱི་ཀྲུའུ་རེན་བྱས། 2017ལོ་ནས་ད་བར་སེང་གེ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས།

    གཞི་རིམ་གྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་པར་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱ་རྒྱུ་དེ་གཙོ་བོ་རེད།

    དེས་ན། 2011ལོར་སེང་གེ་སྡེ་ཁུལ་ཡུལ་མི་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པའི་ཉི་མར་མཉམ་སྡེབ་ཀྱི་མཉམ་ལས་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། ཡིན་ན་ཡང་གྲོང་མི་མང་ཆེ་བས་མ་རྩ་རྡིབ་ཀྱི་རེད་བསམས་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་འདོད་མ་བྱས་པས། ཉི་མས་སྔོན་ལ་བྱ་གསོ་ར་བ་ཞིག་འཛུགས་རྒྱུའི་སེམས་ཐག་བཅད། མངའ་རིས་ས་ཨུད་རྩ་འཛུགས་པུའུ་དང་སེང་གེ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག བྱ་གསོ་ར་བའི་རྣམ་གྲངས་བསྐྲུན་པ་རེད།

    “བྱ་གསོ་ར་བའི་གསོ་ཚགས་དོ་དམ་དང་འཕྲོད་བསྟེན་དུག་སེལ་སོགས་ལས་ཀ་ཙག་ཙིག་ཚང་མ་ང་དང་ངའི་ཆུང་མ་དབྱངས་ཅན་གཉིས་ཀྱིས་བྱེད་ཀྱི་ཡོད། བྱ་གསོ་ར་བའི་ནང་ལོ་གཅིག་དུས་བཞིར་ཉིན་མཚན་དབྱེར་མེད་དུ་དཀའ་ལས་ག་ཚོད་བརྒྱབ་པ་ང་རང་གཉིས་པོས་གསལ་ཤོས་ཤེས”ཞེས་ཉི་མས་བཤད།

    དཀའ་ལས་བརྒྱབ་པའི་འབྲས་བུ་ཆུད་ཟོས་སུ་ག་ལ་འགྲོ། བྱ་གསོ་ར་བ་དེར་ལོ་རེར་ཁེ་སྤོགས་སྒོར་ཁྲི་3ནས་4ཙམ་བྱུང་སྟེ་ཕན་འབྲས་ཡག་པོ་ཐོན། ཡོང་འབབ་རག་རྗེས། ཉི་མས་འཕྲལ་དུ་སྡེ་ཁུལ་གྱི་འཚོ་བའི་ཆ་རྐྱེན་ཞན་པའི་རྒན་རྒོན་གཉིས་ལ་ཁང་པ་བརྒྱབ་པ་རེད།

    ལོ་60ལྷག་ལ་སླེབས་པའི་རྒྱ་རིགས་མང་ཚོགས་ཤུས་ཅིང་ཏི་ནི་སྡེ་ཁུལ་དེའི་ནང་གི་རིམ་པ་དང་པོའི་དབང་པོ་སྐྱོན་ཅན་ཞིག་ཡིན་ལ། ཁོང་གི་ནང་མི་ཚོས་མ་མཐའི་འཚོ་བའི་འགན་ལེན་དངུལ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་སྡེ་ཁུལ་དེའི་གཙོ་གནད་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད།

    ཤུས་ཅིང་ཏིའི་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། སྡེ་ཁུལ་གྱིས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལ་གཞིགས་ནས་ཤུས་ཅིང་ཏི་ལ་ལྷམ་བཟོའི་ལས་ཀ་ཞིག་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་མངའ་རིས་ས་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཐུན་སྦྱོར་བྱས་རྗེས་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་གློག་སྒུལ་སྦག་སྦག་ཅིག་རག་པས་ཕྱིར་སྐྱོད་པར་ཡང་སྟབས་བདེ་བྱུང་བ་རེད། སྡེ་ཁུལ་དེའི་ཡུ་གུར་རིགས་ཀྱི་ཡུལ་མི་མོ་པཱ་རེ་གཅིག་པུས་ཕྲུ་གུ་2གཉོར་སྐྱོང་བྱེད་དགོས། ལོ་ཞིག་གི་དགུན་ཁར་ཁོ་མོ་ནང་མི་ཚང་མ་ཤིན་ཅང་དུ་ལོ་གསར་གཏོང་བར་ལོག་འདོད་ཀྱང་ལམ་གྲོན་མ་འདང་བས་ཉི་མས་སྒོར་3000སྤྲད། སྡེ་ཁུལ་གྱིས་ལོ་ལྟར་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱས་ནས་ཁོང་ཚོར་འབྲས་དང་གྲོ་ཞིབ་སོགས་འཚོ་བའི་དངོས་ཟོག་སྤྲོད་ཀྱི་ཡོད་པ་མ་ཟད། ད་དུང་གྲོགས་པོ་ཆུང་ཆུང་ཚོར་གྱོན་ཆས་དང་། ཉལ་ཆས། དཔེ་ཁུག་སོགས་ཀྱང་ཉོས་ནས་སྤྲོད་ཀྱི་ཡོད་པ་རེད།

    བྱ་བ་ཆུང་ཙག་དག་གིས་མི་སེམས་ལ་སེམས་འགུལ་དྲག་པོ་ཐེབས། ད་ཆ་སེང་གེ་སྡེ་ཁུལ་གྱི་མང་ཚོགས་ལ་འབབ་འཕར་གྱི་ལམ་བུ་ཡོད་པ་མ་ཟད། ད་དུང་ཁྱིམ་མཚེས་དབར་འཆམ་པོ་ཡོད་པ་དང་འཚོ་བར་རེ་བས་ཁེངས་ནས། ཚང་མས་ལག་གདང་སྦྲེལ་ཏེ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།