ཆབ་མདོ་ཀརྨ་རོང་མཛེས་ལྗོངས་ཁུལ་གྱི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ཁ་རུབ་ཆུས་ཡུལ་སྐོར་འཕེལ་རྒྱས་ཅུས་དང་དེ་བཞིན་ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ་སོགས་ས་ཁུལ་གྱི་ཕྱི་རོལ་མནའ་འབྲེལ་གྱིས་རོགས་གཉེར་བྱས་པའི་2024ལོའི་ཁ་རུབ་ཆུས་ཀརྨ་རོང་མཛེས་ལྗོངས་ཁུལ་གྱི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ་རེད།
འོས་སྦྱོར་ཚོགས་འདུར“ལོ་ངོ་སྟོང་གི་ཤེས་རིག་འཕེལ་རྒྱུན། སྒྱུ་རྩལ་གྱིས་ཕྱུག་པའི་ཀརྨ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཆབ་མདོ་དང་འབྲི་ཆུའི་ཟུར་གསུམ་ཁུལ་དབར་གྱི་མཉམ་ལས་སྤེལ་རེས་དང་། ཐོན་ཁུངས་མཉམ་སྤྱོད། ཐོན་རྫས་འོས་སྦྱོར། འགྲུལ་ཁུངས་མཁོ་འདོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གཉིས་ཁེ་གཉིས་ཕན་ཡོང་བ་དང་། ཆབ་མདོ་ཀརྨ་རོང་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས། མཛེས་ལྗོངས་ཁུལ་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་དང་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ། ཡུལ་སྐོར་བ་དེ་བས་མང་བ་ཆབ་མདོ་ཀརྨ་རོང་མཛེས་ལྗོངས་ཁུལ་དུ་ཡོང་རྒྱུའི་ཡིད་དབང་བཀུག་ནས། ལས་རིགས་གཅིག་པའི་ཐབས་ལམ་བརྒྱུད་སྤུས་ལེགས་ཡུལ་སྐོར་བྱ་ཡུལ་གསར་པ་སྟེ། ཆབ་མདོ་ཀརྨ་རོང་མཛེས་ལྗོངས་ཁུལ་ཁྲོམ་རར་ཁྱབ་གདལ་ནུས་ལྡན་གཏོང་ཆེད་ཡིན་པ་རེད།