དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཤར་རྒྱུད་དང་ནུབ་རྒྱུད་ཀྱི་མཉམ་ལས་ལ་བརྟེན་ནས་མཚོ་སྔོན་གྱི་སློབ་གྲྭའི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-27

    ཆུ་དམར་ལེབ་རྫོང་གི་U13གྱི་བུའི་འཐུས་མི་རུ་ཁག་གིས་2023ལོའི་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་སྐབས་གཉིས་པའི་ཐོག་དྲན་རྟེན་པར་རྒྱག་བཞིན་པ།

    ཆུ་དམར་ལེབ་རྫོང་གི་རྐང་རྩེད་སྤོ་ལོའི་ན་ཆུང་ཚོ་གངས་འཁྱགས་ཁྲོད་དུ་སྦྱོང་བརྡར་བྱེད་བཞིན་པ།

    ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་ན་ཆུང་ཚོ་ལུས་རྩལ་ཐང་དུ་སྦྱོང་བརྡར་བྱེད་པར་འོང་ཞིང་། གང་མགྱོགས་གཉེར་གྲབས་ཡོད་པའི་ཡུལ་ཤུལ་ཀྲོའུ་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ལ་གྲ་སྒྲིག་བྱེད་བཞིན་ཡོད།

    སྔོན་ཆད་གྲམ་ཐང་དུ་སྤོ་ལོ་རྒྱག་པ་དང་། ད་ལྟ་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་ཇེ་མང་དུ་འགྲོ་བཞིན་ཡོད།

    ལུས་རྩལ་དགེ་རྒན་འཕྲིན་ལས་ཕུན་ཚོགས་ནི་ཡུལ་ཤུལ་རང་གི་མི་ཡིན་པ་དང་། དེ་སྔ“མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་སྐུ་ཞབས”ཀྱི་གཟི་བརྗིད་མཚན་སྙན་ཐེངས་གཉིས་ཐོབ་མྱོང་བ་མ་ཟད། ད་དུང་ཡུལ་ཤུལ་གཡག་རུ་ཁག་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་ཨང་དང་པོ་ཡང་བླངས་མྱོང་། ཁོང་གིས་ཆུ་དམར་ལེབ་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོའི་ལུས་རྩལ་དགེ་རྒན་བྱས་ནས་ལོ་10ཙམ་འགྲོ་གི་ཡོད།

    “ང་རང་ཆུང་དུས་ནས་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་པོ་ཡོད། ང་ཚོའི་འདི་གར་རྐང་རྩེད་སྤོ་ལོ་རྒྱག་མཁན་མང་པོ་ཡོད”འཕྲིན་ལས་ཕུན་ཚོགས་ཀྱིས་ལོ་10ལྷག་ཙམ་གོང་ཡུལ་ཤུལ་ཀྲོའུ་དང་མགོ་ལོག་ཀྲོའུ་ཡི་ཕྲུ་གུ་མང་ཆེ་བ་གྲམ་ཐང་དུ་རྐང་རྩེད་སྤོ་ལོ་རྒྱག་གི་ཡོད་ཅེས་ངོ་སྤྲོད་བྱས།

    ཆ་རྐྱེན་ཐེབས་ཆག་ལས་མེད་ཀྱང་དེས་ས་མཐོའི་ལོ་ཆུང་ཚོའི་རྐང་རྩེད་སྤོ་ལོར་བཅངས་པའི་དགའ་ཞེན་ལ་འགྱུར་ལྡོག་འགྲོ་མི་སྲིད། ཁག་གཉིས་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་པ་ཀྲན་ཙེ་ཏུང་གིས་མཚོ་སྔོན་དུ་ཐོག་མར་སླེབས་དུས་ཀྱི་གནས་ཚུལ་གསལ་པོར་ངེས་ཡོད་པ་སྟེ། ཁང་པའི་ཕྱི་རོལ་གྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ཙམ་ལ་སླེབས་ནའང་། རས་ལྷམ་གྱོན་པའི་ཕྲུ་གུ་ཚོ་སྔར་བཞིན་གྲམ་ཐང་དུ་རྐང་རྩེད་སྤོ་ལོར་དབྱིངས་ཞུགས་ནས་འདུག གྲམ་ཐང་འབར་འབུར་མང་ཡང་ཕྲུ་གུས་ཚོས་དེར་སྣང་བ་ཡེ་ནས་གཏོང་གི་མེད། ཁོང་གི་དྲན་གསལ་ལ་སློབ་མའི་ཉལ་ཁང་དུ་སྐྱོད་སྐབས་གྱང་ངོས་སུ་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་མཚོན་རྟགས་དང་སྤོ་ལོ་སྤྱན་སྦིར་གྱི་བརྡ་ཁྱབ་སྦྱར་ཡོད་པ་དང་། ཐ་ན་ཁག་གཅིག་ནི་ཕྲུ་གུ་ཚོས་ས་སྨྱུག་གིས་བྲིས་པ་རེད་འདུག

    “ཁོང་ཚོས་རྐང་རྩེད་སྤོ་ལོར་ལྟ་བའི་མིག་ཟུང་ནི་ངོ་མ་སེམས་འགུལ་ཐེབས་དགོས་པ་ཞིག་འདུག”མགོ་ལོག་ཀྲོའུ་ལ་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་ཞིག་སྐྲུན་ཆེད་ཀྲན་ཙེ་ཏུང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་བསྐྱོད། དེའི་རིང་ཧྲང་ཧའེ་མཚོ་སྐྱོར་བཀོད་འདོམས་པུས་ནུས་པ་ཆེན་པོ་ཐོན་ཡོད། ཁོང་ཚོས་ཧྲང་ཧའེ་ཡི་རོགས་སྐྱོར་ཚོང་པ་དང་སྦྲེལ་མཐུད་བྱས་པ་དང་སློབ་གསོའི་མཚོ་སྐྱོར་རྣམ་གྲངས་ཀྱི་འཆར་གཞིའི་ནང་བཅུག་ཡོད། 2015ལོར་མགོ་ལོག་ཀྲོའུ་ཡི་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་དང་པོ་དེ་བསྐྲུན་ཡོད།

    “ལོ་10ལྷག་ཙམ་གོང་ཡུལ་ཤུལ་ཀྲོའུ་རུ་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་གཅིག་ཀྱང་མེད། ད་ཆ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་མཉམ་ལས་དང་མཚོ་སྐྱོར་རྣམ་གྲངས་དང་དེ་བཞིན་མཚོ་སྔོན་གྱི་སློབ་གསོའི་མ་དངུལ་རྒྱུན་ཆད་མེད་པར་ལག་ལེན་བསྟར་བ་དང་བསྟུན་ནས་ཡུལ་ཤུལ་ཀྲོའུ་ཡིས་སློབ་གྲྭ་200ལྷག་ཙམ་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་ཚང་མར་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་བསྐྲུན་ཡོད”པེ་ཅིང་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་པ་དང་ཡུལ་ཤུལ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲུའུ་དབྱིང་ཡན་གྱིས“སྤོ་ལོའི་ཐང་བསྐྲུན་པས་ཕྲུ་གུ་ཚོའི་རྐང་རྩེད་སྤོ་ལོའི་ཕུགས་འདུན་མངོན་འགྱུར་དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད”ཅེས་བཤད། ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་ད་ལོ་རོགས་སྐྱོར་མ་དངུལ་སྒོར་ཁྲི་1200བཏང་ནས་ཆུ་དམར་ལེབ་རྫོང་དུ་མཚོ་སྔོན་གྱི་ཁང་ནང་གི་རླུང་སྐྱིའི་རྐང་རྩེད་སྤོ་ལོའི་ཐང་དང་པོ་བསྐྲུན་རྒྱུ་ཡིན་པས། གྲང་ངར་ཆེ་བའི་དགུན་དུས་སུ་ཡང་ཕྲུ་གུ་ཚོས་རྒྱུན་གཏན་བཞིན་སྦྱོང་བརྡར་བྱེད་ཐུབ།

    མཁྲེགས་ཆས་ཙམ་མ་ཡིན་པར་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་མཉམ་ལས་དང་སློབ་གསོའི་མཚོ་སྐྱོར་བྱས་པར་བརྟེན་ནས་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་སློབ་གསོ་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བཞིན་ཡོད། འཕྲིན་ལས་རྒྱ་མཚོས“དེ་སྔོན་རྐང་རྩེད་སྤོ་ལོའི་སློབ་ཚན་ཉན་སྐབས་གཙོ་བོ་སྤོ་ལོ་འཁྲིད་རྩལ་དང་སྤོ་ལོ་བླུགས་རྩལ་མ་གཏོགས་སློབ་ཀྱི་མེད། དུས་མཚམས་དབྱེ་བའི་སློབ་ཁྲིད་འཆར་གཞི་དང་ཚོགས་པའི་མཉམ་ལས་སོགས་ཀྱི་སྦྱོང་བརྡར་ནི་ང་ཚོའི་ཞན་ཆ་རང་རེད”ཆེད་ལས་སྒྲིག་གཞི་དང་མཚོ་སྐྱོར་ཚོགས་པའི་གསོ་སྦྱོང་བརྒྱུད་ཉེ་བའི་ལོ་ཤས་རིང་འཕྲིན་ལས་ཕུན་ཚོགས་ལ་གྲུབ་འབྲས་མང་པོ་ཐོབ་ཡོད། “ད་ཆ་ང་ཚོས་སྤོ་ལོ་བ་ཆུང་ཆུང་ཚོའི་ཤེད་ཤུགས་དང་། དོ་མཉམ་རང་བཞིན། མཉེན་ཆ་སོགས་ཀྱི་སྦྱོང་བརྡར་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། དེ་སྔོན་ཁོང་ཚོར་འགུལ་སྐྱོད་ལེགས་གྲུབ་བྱུང་ན་འགྲིག་གི་ཡོད། ད་ཆ་གསོ་སྦྱོང་གི་རེ་བ་དེ་བས་ཞིབ་ཚགས་སུ་ཕྱིན་ཡོད”ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྐྱོར་མ་དངུལ་དང་ས་གནས་དེ་གའི་ལྷན་སྦྱར་མ་དངུལ་གྱི་རྒྱབ་སྐྱོར་འོག་ཁེ་རུའེ་སི་ཆེད་ལས་རྩལ་ཁྲིད་ཚོགས་པ་ཆུ་དམར་ལེབ་རྫོང་དུ་ལོ་གསུམ་སྡོད་རིང་རྫོང་དེར་ཆེད་ལས་རྐང་རྩེད་སྤོ་ལོའི་རྩལ་ཁྲིད་པ་21གསོ་སྦྱོང་བྱས་ཡོད།

    མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནི་མགོ་ལོག་ཀྲོའུ་ཡི་ཡུལ་གཞན་དུ་ཡོད་པའི་སློབ་གཉེར་ས་ཚིགས་ཤིག་ཡིན་པ་དང་། དེ་ནི་ཧྲང་ཧའེ་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པ་ཞིག་རེད། སྔོ་ལྗང་གི་ལུས་རྩལ་ཐང་དུ་ཕྲུ་གུ་ཚོ་རྐང་རྩེད་སྤོ་ལོ་རྒྱག་བཞིན་ཡོད་ཅིང་། ལུས་རྩལ་དགེ་རྒན་ཀའོ་ཡོན་ཧྲོའུ་ཡིས་འགྲན་བསྡུར་ལ་ལྟ་གིན“ང་ཚོའི་སློབ་གྲྭར་ཧྲང་ཧའེ་ནས་ཡོང་བའི་དགེ་རྒན་7ཡོད་པ་དང་ཁོང་ཚོས་ལས་ཀ་མང་པོ་བསྒྲུབས་ཡོད། སློབ་གྲྭས་སློབ་མའི་ལོ་ཚོད་དང་གཟུགས་པོའི་ཁྱད་ཆོས་ལ་གཞིགས་ནས་སྤོ་ལོ་འཁྲིད་རྩལ་དང་སྤོ་ལོ་སྤྲོད་རེས་སོགས་གཞི་རྩའི་རྩལ་ནུས་དག་ལུས་རྩལ་སློབ་ཁྲིད་ནང་བཅུག་ནས་སློབ་མ་རྐང་རྩེད་སྤོ་ལོའི་ལུས་རྩལ་ནང་ཞུགས་པའི་སྤྲོ་སྣང་འཕེལ་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    སྤོ་ལོའི་རུ་ཁག་གི་སྦྱོང་བརྡར་དེ་བས་ཆེད་ལས་ཅན་དུ་གྱུར་པ་མ་ཟད། ད་དུང་གྲོང་ཁྱེར་ཆེན་པོར་སྦྱོང་བརྡར་དང་སྤེལ་རེས་བྱེད་པར་འགྲོ་ཐུབ་ཀྱི་ཡོད།

    ཡུལ་ཤུལ་ཀྲོའུ་དང་མགོ་ལོག་ཀྲོའུ་ཡི་ཁྲོམ་གཞུང་ཆེ་ཆུང་གང་སར་སྐྱོད་སྐབས་ལག་ཐོགས་ཁ་པར་ནས་འགྲན་བསྡུར་ལ་ལྟ་མཁན་སྤོ་ལོ་དབྱིངས་པ་མང་པོ་མཐོང་རྒྱུ་ཡོད། ལྷག་པར་དུ་ཀྲོའུ་རིམ་པའི་རིམ་མཚུངས་མཉམ་འགྲན་དང་འབྲོག་ཁུལ་གྱི་རིམ་མཚུངས་མཉམ་འགྲན་གྱི་སྐབས་སུ་ཕན་ཚུན་ངོ་མི་ཤེས་ནའང་མཉམ་དུ་འགྲན་བསྡུར་བལྟས་ཚེ་དེ་འབྲེལ་གྱི་སྐད་ཆ་མང་པོ་གླེང་རྒྱུ་ཡོད།

    ཆུ་དམར་ལེབ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་གྱི་ཡོད་པ་དང་། དེ་གའི་མི་རྣམས་རྐང་རྩེད་སྤོ་ལོར་ཧ་ཅང་དགའ་པོ་ཡོད།

    དུས་བཀག་ལྟར་སྦྱོང་བརྡར་བྱེད་པ་ཕུད། སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་རྗེས་རྡོ་རྗེ་རབ་བརྟན་ལམ་སེང་སྤོ་ལོ་རྒྱག་པར་འགྲོ་གི་ཡོད། རི་འདེབས་དང་འདམ་བག་གིས་ཁེངས་པའི་ས་ཆ་གང་རུང་དུའང་ཁོ་པས་ཉེ་འགྲམ་གྱི་ཡོ་ཆས་སྤྱད་དེ་སྤོ་ལོ་རྒྱག་གི་ཡོད། རིང་ཐུང་མི་འདྲ་བའི་རྟ་ཞགས་རྒྱུག་པ་སར་བཙུགས་ནས་རྐང་རྩེད་སྤོ་ལོའི་སྒོ་སོགས་བཟོ་གི་ཡོད།

    ན་ནིང་ཆུ་དམར་ལེབ་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོར་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་སྐབས(མཚོ་སྔོན་འགྲན་བསྡུར་ཁུལ)U13(ལོ་13མན)ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད། དེ་དང་ཆབས་ཅིག་མགོ་ལོག་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་འཐུས་མི་རུ་ཁག་ལ་འགྲན་བསྡུར་དེའི་U15(ལོ་15མན)ཡི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད། “མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། རྐང་རྩེད་སྤོ་ལོ་གཅིག་གིས་ཕྲུ་གུ་ཚོའི་བྱིས་དུས་ལ་བརྗེད་ཐབས་བྲལ་བའི་སྤྲོ་སྣང་སྦྱིན་གྱི་ཡོད་པ་དང་། ཁོང་ཚོའི་ལུས་ཐོག་ནས་ས་མཐོའི་རྐང་རྩེད་སྤོ་ལོའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་གྱི་འདུག”ཅེས་ཧྲང་ཧའེ་ཡི་མཚོ་སྐྱོར་དགེ་རྒན་མགོ་ལོག་ཀྲོའུ་ཏ་ཝུའུ་མི་རིགས་སློབ་འབྲིང་གི་ལུས་རྩལ་དགེ་རྒན་ཆའོ་ཆིང་ཝུའེ་ཡིས་བཤད།

    “འགྲན་ཡ་ཚང་མས་སྤོ་ལོ་ཧ་ཅང་ཡག་པོ་རྒྱག་གི་འདུག ངས་གྲོགས་པོ་གསར་པ་ཞིག་སྒྲིག་པ་ཡིན། དུས་བཀག་ལྟར་ཁ་པར་རྒྱག་རྒྱུའི་ཁ་ཆད་བྱས་པ་ཡིན”ཞེས་པེ་ཅིང་དུ་སྦྱོང་བརྡར་ལ་ཞུགས་རྗེས་རྡོ་རྗེ་རབ་བརྟན་གྱིས་ཉིན་ཐོའི་ནང་རང་ཉིད་ཀྱི་མྱོང་ཚོར་ཞིབ་ཕྲ་བྲིས་ཡོད།

    “སྤོ་ལོའི་ཐང་སྐྲུན་དགོས་པ་མ་ཟད། ད་དུང་ཤེས་ལྡན་མི་སྣ་འདྲེན་པ་དང་ཕྱི་ཕྱོགས་སྤེལ་རེས་ལས་སྟེགས་ཀྱང་འཛུགས་དགོས”ཞེས་ཀྲུའུ་དབྱིན་ཡན་གྱིས་ངོ་སྤྲོད་བྱས། ན་ནིང་ཡུལ་ཤུལ་ཀྲོའུ་ཡིས་གཞོན་ནུ་ལོ་ཆུང་རྐང་རྩེད་སྤོ་ལོའི་དམིགས་བསལ་སློབ་མ་20སྒྲིག་འཛུགས་བྱས་ནས་པེ་ཅིང་ཀྲུང་ཧོ་གོ་ཨན་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་དུ་མཉམ་སྡེབ་སྦྱོང་བརྡར་བྱེད་པར་བསྐྱོད། དེའི་རིང་སློབ་མ་ཚོས་གཞོན་ནུ་སྦྱོང་བརྡར་རྩལ་ཁྲིད་པའི་ཆེད་ལས་ཀྱི་མཛུབ་ཁྲིད་དང་ལེན་བྱས་ནས་གོ་ཨན་གཞོན་ནུ་སྦྱོང་བརྡར་སྤྲོ་སྐྱིད་ཁང་གི་རུ་མི་ཚོ་དང་སློབ་ཁྲིད་འགྲན་བསྡུར་ཐེངས་མང་བྱས་ཡོད།

    བྱ་དགའ་མང་པོ་ཐོབ་རྗེས་སློབ་མ་ཚོའི་འབྱུང་འགྱུར་ལ་གདམ་ག་དེ་བས་མང་བར་གྱུར།

    “ཕྲུ་གུ་མི་ཉུང་བ་ཞིག་ནི་རླངས་འཁོར་ལ་བསྡད་ནས་ཡུལ་ཤུལ་ཀྲོའུ་རུ་བསྐྱོད་ཐེངས་དང་པོ་དང་། གནམ་གྲུར་བསྡད་ནས་ཟི་ལིང་དུ་བསྐྱོད་ཐེངས་དང་པོ། མེ་འཁོར་ལ་བསྡད་ནས་ཐག་རིང་ལ་འགྲོ་ཐེངས་དང་པོ་བཅས་ཡིན་པས། ད་ཐེངས་མཐོང་རྒྱ་ཆེ་རུ་ཕྱིན་ཡོད”ཅེས་ན་ནིང་འཕྲིན་ལས་ཕུན་ཚོགས་དང་སུང་ཚན་གྱིས་རུ་མི་ཁྲིད་དེ་སུའུ་ཀྲོའུ་རུ་འགྲན་བསྡུར་ནང་ཞུགས་པ་རེད། སུང་ཚན་གྱིས“རུ་མི་ཆུང་ཆུང་ཚོ་ཧ་ཅང་དགའ་པོ་བྱུང་བ་དང་སྒེའུ་ཁུང་ཕྱི་རོལ་གྱི་མཐོང་མྱོང་མེད་པའི་མཛེས་ལྗོངས་ལ་ཡ་མཚན་གྱི་མིག་ཟུང་ཅེར་ནས་སྡོད་ཀྱི་འདུག”ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།

    མཚོ་སྔོན་གྱི་ཚབ་བྱས་ནས་ཅི་ལིན་ཡན་ཅི་རྒྱལ་ཡོངས་མཐའ་བསྡུར་ནང་ཞུགས་ནས་ཅིང་ཅིན་ཅིའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དབྱར་སྒར་གདན་ཞུའི་འགྲན་བསྡུར་U12(ལོ་12མན)(ཆེད་ལས་ཚོགས་ཆུང)ཀྱི་ཨང་དང་པོ་དང་། ཁྲུང་ཆིང་ཤིང་ཡའོ་ཀྲོའུ་ལྔའི་U11(ལོ་11མན)གི་བུའི་ཚོགས་ཆུང་གི་ཨང་གསུམ་པ། U13གྱི་བུའི་ཚོགས་ཆུང་གི་ཨང་བཞི་པ་བཅས་བླངས་ཡོད། ན་ནིང་འཕྲིན་ལས་ཕུན་ཚོགས་ཀྱིས་ཕྲུ་གུ་ཚོ་ཁྲིད་དེ་ཞིང་ཆེན་ཕྱིར་གདན་ཞུའི་འགྲན་བསྡུར་ཐེངས་15ལ་ཞུགས་པས་གྲུབ་འབྲས་ཡག་པོ་ཐོབ་ཡོད། རྡོ་རྗེ་རབ་བརྟན་ལ་འཚར་ལོངས་མགྱོགས་པོ་བྱུང་ཞིང་། འགྲན་བསྡུར་ཐེངས་9ཡི་ནང་སྤོ་ལོ་27བླུགས་ཡོད། འབྱུང་འགྱུར་སྐོར་གླེང་སྐབས་འབྲོག་ཁུལ་གྱི་གཞོན་ནུ་དེས“ང་རང་རྐང་རྩེད་སྤོ་ལོ་དང་མཉམ་དུ་འགྲོགས་རྒྱུ་ཡིན། མི་མང་པོ་འདི་འདྲ་ཞིག་གིས་ང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བློ་ཐག་ཆོད་པོས་བཤད།

    ཁོ་པའི་ཕུགས་བསམ་ནི་གཏན་ནས་མངོན་འགྱུར་དཀའ་བ་ཞིག་ག་ལ་ཡིན། ད་ཆ་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་འགྲོ་བཞིན་ཡོད། ན་ནིང་ཆུ་དམར་ལེབ་རྫོང་གི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་U12ཀྱི“ཚོགས་པ་ཧྲིལ་པོ”མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་ཟླ་སྒྲིལ་བཏང་བས་མཚོ་སྔོན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་འཕེལ་རྒྱས་ལ་སྟོབས་ཤུགས་བསྣན་ཡོད། “རྐང་རྩེད་སྤོ་ལོའི་སློབ་གསོ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཕྲུ་གུ་ཚོའི་འབྱུང་འགྱུར་ལ་གདམ་ག་དེ་བས་མང་དུ་ཕྱིན་ཡོད། ལས་རིགས་ཅན་གྱི་ལམ་བུར་བསྐྱོད་ཆོག་ལ། ཟུངས་ནུས་རྩལ་ཁྲིད་པ་དང་། ལུས་གསོའི་དགེ་རྒན། ལུས་རྩལ་དགེ་རྒན་སོགས་བྱེད་ཆོག”ཅེས་ཆུ་དམར་ལེབ་རྫོང་མི་རིགས་སློབ་འབྲིང་གི་སློབ་སྤྱི་བསོད་ནམས་མཐར་ཚེས་བཤད།

    “རྐང་རྩེད་སྤོ་ལོ་ཆུང་ཆུང་ཞིག་ས་ཁོངས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་འབྲེལ་ཐག་ཏུ་གྱུར་ཡོད”ཡུལ་ཤུལ་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ཆུ་དམར་ལེབ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཐན་ཁྲེང་གིས“ཡུལ་ཤུལ་ཀྲོའུ་རུ་རྐང་རྩེད་སྤོ་ལོ་ནི་མི་རིགས་མཐུན་སྒྲིལ་གྱི་གཞི་རྟེན་ཞིག་ཡིན། ཕྲུ་གུ་ཚོ་རྐང་རྩེད་སྤོ་ལོའི་ལུས་རྩལ་ཁྲོད་ནས་འཚར་ལོངས་ཡོང་བ་དང་། གྲོགས་པོ་སྒྲིག་པ། ས་གནས་ཁག་གི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་བྱུང་བས་ཁོང་ཚོའི་མི་ཚེའི་ལམ་བུ་ཉིན་བཞིན་རྒྱ་ཆེར་འགྲོ་བཞིན་ཡོད། དེ་ནི་ས་གནས་དེ་གའི་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།