སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། མི་རིགས་མཐུན་སྒྲིལ་དང་ཐུན་མོང་འབྱོར་ཕྱུག་མཐའ་འཁྱོངས་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུ་འཇུག་གཞིར་བྱེད་པ། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་གཏོང་། ལེགས་ཆ་དར་སྤེལ་གཏོང་བ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་ཕྱོགས་སྒྱུར་གཉིས་ཀར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལག་རྩལ་གསར་པ་རྒྱ་ཁྱབ་ངང་བེད་སྤྱོད་དང་། ཡུལ་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་མཐོར་གཏོང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་དགོས།
རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས་བརྗོད་དོན།
ལྗོངས་ཡོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱིས་བོད་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་། ས་ཁོངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་ནས་སྲིད་ཇུས་དང་ཞིབ་འཇུག་དང་། འཆར་འགོད་དང་འཆར་གཞི། མ་རྩ་དང་རྣམ་གྲངས། སྒྱུར་བཅོས་དང་གསར་གཏོད། ཕྱོགས་བསྡུས་སྤྱི་འདོམས་དང་ཕྱོགས་བསྡུས་དོ་སྙོམས་བཅས་ཀྱི་འགན་ནུས་ཆེན་པོ་ལྔར་དམ་པོར་བརྟེན་ནས། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར་ལ་དམ་འཛིན་མཐའ་འཁྱོངས་ཀྱིས“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”བསམ་བློ་བརྟན་པོ་འཛུགས་རྒྱུ་དང་། ནུས་ལྡན་གྱི་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་དང་མ་དངུལ་གྱི་ཕན་འབྲས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་དང་གསོག་ཉར་ཇུས་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་སྔར་བས་རྒྱ་ཆེར་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཀོད་བྱས་ནས་ས་ཁོངས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ། “ལྟེ་བ་གཅིག་དང་འཁོར་རྒྱ་གཅིག་དང་རྒྱུད་གཉིས་ཁུལ་གསུམ”བཅས་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ། “རྒྱུད་གཅིག་ལམ་གཅིག”དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱེད་ཀྱི་ཡིན།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གནད་ཁག་ཆེན་པོར་དམ་འཛིན་དང་གནད་ཁག་མེད་ས་ཟུར་འཇོག་མཐའ་འཁྱོངས་བྱས་ནས་ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཧུར་ཐག་བྱེད་དགོས་ཞེས་གསུངས་ཡོད”གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པད་མ་དབྱངས་ཅན་གྱིས་ངོ་སྤྲོད་བྱས་པར། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ནུས་རྒྱུ་གཙང་མ་དང་། མཐའ་མཚམས་ཚོང་དོན་ཟོག་འགྲེམས། སྔོན་ཐོན་བཟོ་སྐྲུན་ལས་རིགས་སོགས་ཀྱི་ཐོན་ལས་གཙོ་གནད་དུ་འཕེལ་རྒྱས་བཏང་བ་དང་། ཨེ་ཤེ་ཡ་ལྷོ་མའི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གཙོ་ཁྲིད་ཐོན་ལས་ཀྱི་གྲས་ཤིག་ཏུ་བརྩིས་ནས་ཟོག་འགྲེམས་རྨང་གཞིའི་སྒྲིག་བཀོད་དང་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ། ཟོག་འགྲེམས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་པ། ཟོག་འགྲེམས་ཆ་འཕྲིན་ལས་སྟེགས་བསྐྲུན་པ། ཟོག་འགྲེམས་མཛོད་ཉར་དང་། བསྡུ་འགྲེམས། སྡེབ་སྐྱེལ་བཅས་ཀྱི་མ་ལག་བཏོད་པ། གྲང་ཕྲེང་ཟོག་འགྲེམས་དང་། དྲ་ཐོག་ཚོང་དོན་ཟོག་འགྲེམས། ཁྲལ་མེད་ཟོག་འགྲེམས། འཕྲལ་སྡོམ་གེགས་སེལ་ཟོག་འགྲེམས་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 2023ལོར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་21.34ཟིན་པས་གྲོང་ཁྱེར་ཡོངས་ཀྱི་ཚོང་དོན་ཕྱིར་གཏོང་ནང་འདྲེན་དངུལ་འབོར་གྱི་བསྡུར་ཚད་39.35%ཟིན་ཡོད།
པད་མ་དབྱངས་ཅན་གྱིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི“ལྟེ་བའི་གྲོང་ཁྱེར་གཉིས”སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞིས་རྩེའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་བཤད་པ་རེད།