དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བའི་ལྷ་མོ་ཨང་དྲུག་པའི་ལོག་ཆས་བདེ་འཇགས་ངང་ས་ངོས་སུ་བབས་པ་དང་འཛམ་གླིང་ཐོག་ཟླ་བ་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་ཏེ་ཕྱིར་ལོག་ཐེངས་དང་པོ་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-06-27

    ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་ དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་གློག་འཕྲིན་བཏང་གནང་ནས་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཕུན་སུམ་ཚོཌ་པོའི་ངང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ། ཏིང་ཤུའེ་ཞང་གིས་པེ་ཅིང་དུ་ས་ངོས་སུ་འབབ་ཚུལ་དང་ཚུར་བསྡུ་བའི་གནས་ཚུལ་ལ་གཟིགས་པ།

    རྟེན་འབྲེལ་གློག་འཕྲིན།

    ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་བཀོད་འདོམས་པུའུ་དང་ལས་འགན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ།

    ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བའི་གནས་ཚུལ་དགའ་སྤྲོའི་ངང་གོ་ཐོས་བྱུང་། ངས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

    ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བ་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་ཏེ་ཕྱིར་ལོག་ཐེངས་དང་པོ་ལེགས་གྲུབ་བྱུང་བ་ནི་རང་རྒྱལ་གྱིས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་རེད། ལོ་20ཡི་རིང་། ཟླ་དཔྱད་འདུ་འགོད་ཀྱི་ཞིབ་བཟོ་འཛུགས་སྐྲུན་ནང་ཞུགས་མཁན་བློ་མཐུན་ཡོངས་ཀྱིས་ཟླ་དཔྱད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཚན་རྩལ་གྱི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཟླ་དཔྱད་བྱེད་ལམ་ཞིག་ཀྱང་བཏོད་ཡོད། ཁྱེད་ཚོས་ཕུལ་བའི་བྱས་རྗེས་མངོན་གསལ་དོད་པོ་དེ་མེས་རྒྱལ་དང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད།

    སླད་ཕྱིན་ཁྱེད་ཚོས་སྟབས་བསྟུན་འཕྲལ་སྒྲུབ་ཀྱིས་ཟླ་བ་གོ་ལའི་དངོས་དཔེར་ཚན་རིག་ཞིབ་འཇུག་ཞིབ་ཚགས་བྱེད་པ་དང་། བར་སྣང་ལ་འཚོལ་ཞིབ་སོགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གལ་ཆེན་མུ་མཐུད་ལག་ལེན་ཡག་པོ་བསྟར་བ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བའང་ཡོད།

    ཞི་ཅིན་ཕིང་།

    2024ལོའི་ཟླ་6ཚེས་25ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་25ཉིན་འབྱོར་པའི་གློག་འཕྲིན)

    ཟླ་6ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་7ལ། ཟླ་བའི་ལྷ་མོ་ཨང་དྲུག་པའི་ལོག་ཆས་ཀྱིས་ཟླ་བ་གོ་ལའི་རྒྱབ་ངོས་ནས་འཁྱེར་ཡོང་བའི་ཟླ་བ་གོ་ལའི་དངོས་དཔེ་ནང་སོག་གི་སི་ཙི་ཝང་ཆིའི་སྔོན་གཏན་འཁེལ་བའི་ས་ཁོངས་སུ་བདེ་འཇགས་ངང་ས་ཐོག་ཏུ་བབས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ། ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་བཀོད་འདོམས་པུའུ་དང་ལས་འགན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

    ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བ་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་ཏེ་ཕྱིར་ལོག་ཐེངས་དང་པོ་ལེགས་གྲུབ་བྱུང་བ་ནི་རང་རྒྱལ་གྱིས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་རེད། ལོ་20ཡི་རིང་། ཟླ་དཔྱད་འདུ་འགོད་ཀྱི་ཞིབ་བཟོ་འཛུགས་སྐྲུན་ནང་ཞུགས་མཁན་བློ་མཐུན་ཡོངས་ཀྱིས་ཟླ་དཔྱད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཚན་རྩལ་གྱི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཟླ་དཔྱད་བྱེད་ལམ་ཞིག་ཀྱང་བཏོད་ཡོད། ཁྱེད་ཚོས་ཕུལ་བའི་བྱས་རྗེས་མངོན་གསལ་དོད་པོ་དེ་མེས་རྒྱལ་དང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད་ཅེས་བསྟན་གནང་ཡོད།

    ཞི་ཅིན་ཕིང་གིས་སླད་ཕྱིན་ཁྱེད་ཚོས་སྟབས་བསྟུན་འཕྲལ་སྒྲུབ་ཀྱིས་ཟླ་བ་གོ་ལའི་དངོས་དཔེར་ཚན་རིག་ཞིབ་འཇུག་ཞིབ་ཚགས་བྱེད་པ་དང་། བར་སྣང་ལ་འཚོལ་ཞིབ་སོགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གལ་ཆེན་མུ་མཐུད་ལག་ལེན་ཡག་པོ་བསྟར་བ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བའང་ཡོད་ཅེས་ནན་བཤད་གནང་ཡོད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་གིས་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ལོག་ཆས་ས་ངོས་སུ་བབས་ནས་ཚུར་བསྡུ་བའི་གནས་ཚུལ་ལ་གཟིགས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ས་གནས་ས་ཐོག་ཏུ་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།

    ཟླ་བའི་ལྷ་མོ་ཨང་དྲུག་པ་འདི་ཉིད་ལས་འགན་སྒྲུབ་པར་འཕེན་གཏོང་བྱས་ནས་ཉིན་53དང་འཕུར་སྐྱོད་དུས་མཚམས་11སོང་བ་བརྒྱུད། ཟླ་བ་གོ་ལའི་ལྡོག་སྐྱོད་འཁོར་ལམ་ཇུས་འགོད་ཚོད་འཛིན་དང་། ཟླ་བ་གོ་ལའི་རྒྱབ་ངོས་ནས་རིག་ནུས་ལ་བརྟེན་ནས་དངོས་དཔེ་མྱུར་ལེན། ཟླ་བ་གོ་ལའི་རྒྱབ་ནས་འཕུར་སྐྱོད་སོགས་འགག་རྩའི་ལག་རྩལ་ཚད་བརྒལ་བྱུང་སྟེ། ཟླ་བ་གོ་ལའི་རྒྱབ་ཀྱི་དངོས་དཔེ་ཐོག་མར་བླངས་པ་དང་འབྲེལ་རྒྱལ་སྤྱིའི་ཐེག་ཆས་4བླུགས་ནས་དངོས་སྒྲུབ་ནུས་ཆེའི་རྒྱལ་སྤྱིའི་མཉམ་ལས་ཀྱང་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།