དབྱར་དུས་ང་ཚོས་འདི་དག་ལ་ཡིན་གཅིག་དོ་སྣང་བྱེད་དགོས་འདུག
ཆུ་མགྱོགས་པོ་འཐུང་མི་རུང་།
གནམ་གཤིས་ཚ་བ་ཆེ་བ་དང་རྔུལ་ཆུ་ཡང་ཡང་དོན་པས་མི་མང་པོ་ཞིག་ལ་ཆུ་གྲང་མོ་འཐུང་བ་དང་ཆུ་མགྱོགས་པོ་འཐུང་བའི་གོམས་གཤིས་ཡོད། ནམ་དུས་གང་ཞིག་ཡིན་རུང་ཆུ་འཐུང་བ་ནི་ཤིན་ཏུ་གལ་ཆེ་ཡང་འཐུང་དུས་མགྱོགས་དྲགས་རྒྱུ་མེད། ཐེངས་རེར་ཧའོ་ཧྲེང་100ནས་150བར་བཏུངས་ཚེ་འཚམ་པོ་ཡོད་ལ། ཆུ་དྲོད་འཇམ་བཏུངས་ན་གྲང་མོ་བཏུངས་པ་ལས་སྐོམ་པ་སེལ་སླ་བ་དང་གཟུགས་པོར་ཕན་པ་དེ་བས་ཆེ་བ་ཡོད།
མཇིང་ཚིགས་མི་འཁྱག་པ་བྱེད་དགོས།
དབྱར་དུས་ཚ་བ་ཆེ་བའི་དུས་སུ་མི་འགའ་རེ་དྲོད་སྙོམས་འཕྲུལ་ཆས་ཡོད་སར་སྡོད་པའི་གོམས་གཤིས་ཡོད། འོན་ཀྱང་གལ་སྲིད་དྲོད་སྙོམས་འཕྲུལ་ཆས་དང་ཐག་ཉེ་དྲགས་ཚེ་མཇིང་པའི་རྩ་འཁུམ་པ་དང་སྒལ་པ་སོགས་ན་སྟེ། མཇིང་ཚིགས་ཀྱི་ནད་ཕོག་ཉེན་ཆེན་པོ་ཡོད། དེར་བརྟེན། དྲོད་སྙོམས་འཕྲུལ་ཆས་དང་ཐག་ཉེ་སར་སྡོད་མི་རུང་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་26ལས་དམའ་མི་རུང་། ཡག་ཤོས་བྱུང་ན་སྟོད་ཐུང་གྱོན་ནས་སྡོད་དགོས།
ཞར་དང་ཞོར་དུ་ཁྱིམ་ལ་གཙང་སྦྲ་བྱེད་དགོས།
ནམ་དུས་དྲོད་གཤེར་ལྡན་པའི་སྐབས་ནི་འབུ་ཕྲ་དང་ནད་དུག་མང་ཤོས་ཐོན་པའི་དུས་ཤིག་རེད། མི་མང་ཆེ་བས་དེ་དག་ཕྱི་ནས་བྱུང་བ་རེད་སྙམ་གྱི་ཡོད་ཀྱང་། དོན་དངོས་ཐོག་སོ་སོའི་ཐབ་ཚང་དུའང་ཧམ་འབུ་དང་ཐབ་ངོས་ཀྱི་ཐལ་རྡུལ། མེ་ཏོག་གི་རྡུལ་སོགས་ཀྱིས་ཀྱང་མིར་ནད་ཚ་བཟོ་བའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན། དབྱར་དུས་ཁྱིམ་ལ་ཉུང་མཐར་ཡང་ཉིན་གཉིས་ནང་གཙང་སྦྲ་ཐེངས་རེ་བྱེད་དགོས།
མིག་ལ་ཉི་ཟེར་ཕོག་པར་དོགས་ཟོན་བྱེད་དགོས།
དབྱར་དུས་ཉི་མའི་འོག་ཏུ་ཡུན་རིང་བསྡད་པའམ་ལས་ཀ་བྱས་ཚེ་རྒས་མགྱོགས་པ་དང་མིག་ནད་སོགས་ཀྱང་ཕོག་སླ་པོ་ཡོད། དེར་བརྟེན། གལ་སྲིད་སྔ་དྲོའི་ཆུ་ཚོད་10ནས་ཕྱི་དྲོའི་ཆུ་ཚོད་4པའི་གཡས་གཡོན་ལ་ཕྱིར་དོན་ཚེ། ཞྭ་མོ་གྱོན་པ་དང་། ཉི་གདུགས་དང་མདོག་ལྡན་མིག་ཤེལ་སོགས་བརྒྱབ་ན་མིག་ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ། དབྱར་དུས་འབུ་ཕྲ་དང་ནད་དུག་མང་པོ་ཡོད་པས་ལག་པའི་གཙང་སྦྲར་དེ་བས་དོ་སྣང་བྱེད་དགོས་པ་མ་ཟད། ལག་པས་མིག་གང་བྱུང་དུ་འཕུར་འཕུར་གཏོང་རྒྱུ་མེད།
ཕོ་བ་མི་འཁྱག་པ་བྱེད་དགོས།
དབྱར་དུས་ནི་རྒྱུ་མའི་གཉན་ཚད་ཐོན་མང་བའི་དུས་སྐབས་ཤིག་ཡིན་པ་དང་། འབུ་ཕྲ་དང་ནད་དུག་སོགས་ཀྱིས་རྐྱེན་པས་ཕོ་བ་དང་རྒྱུ་མའི་ནད་ཕོག་སླ་ཤོས་ཀྱི་དུས་སྐབས་ཤིག་ཀྱང་རེད། མི་རྣམས་ཀྱིས་དགའ་ཤོས་བྱེད་པའི་གྲང་ཚལ་དང་ལྷག་པར་དུ་ཤིང་ཏོག་གཙང་མ་མ་བཀྲུས་པར་བཟས་ན། ཕོ་རྒྱུའི་གཉན་ཚད་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད། དེར་བརྟེན། ནམ་རྒྱུན་གྲང་ཚལ་གྱི་རིགས་ཉུང་ཙམ་ཟ་དགོས་པ་མ་ཟད། ཞོགས་པ་ལངས་མ་ཐག་དང་དགོང་མོ་ཉལ་ཁར་བཏུང་བྱ་གྲང་མོའི་རིགས་ཉུང་ཙམ་འཐུང་དགོས་པ་དང་ཁ་ལག་དུས་ཐོག་ཏུ་ཟ་དགོས་ཤིང་། གྲང་ཚལ་སོགས་ལ་སྒ་སྨུག་ཕྲན་ཙམ་བརྒྱབ་ནས་བཟས་ཚེ་འབུ་ཕྲ་གསོད་པ་དང་ཕོ་བར་ཡང་ཕན་པ་ཆེན་པོ་ཡོད།