དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ས་སྐྱ་རྫོང་དུ་ཁ་ཆེ་ཤ་སྐམ་ཚོད་འདེབས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཁ་གཏད་བོད་སྐྱོར་གྱི་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཁ་གཏད་བོད་སྐྱོར་ལས་དོན་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པ་མ་ཟད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་འབད་བརྩོན་ཧུར་ཐག་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད་པ་རེད། དེའང་ལོ་མང་རིང་ཧྲང་ཧའེ་གྲོང་ཁྱེར་གྱིས་གཞིས་རྩེ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ས་སྐྱ་སོགས་རྫོང་5ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཟམ་མི་ཆད་པར་བསྣན་པ་རེད།

    2023ལོར་བསྐྲུན་པའི་ས་སྐྱ་རྫོང་ཁ་ཆེ་ཤ་སྐམ་རྟེན་གཞི་ནི་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་ཧྲང་ཧའེ་སྨན་རྫས་ཚོགས་པའི་མིང་འོག་ཏུ་ཡོད་པའི་ཧྲང་ཧའེ་གྲོང་ཁྱེར་སྨན་རྒྱུ་ཚད་ཡོད་ཀུང་སིའི་འབད་བརྩོན་རྒྱུན་མཐུད་ལ་བརྟེན་ནས་བསྐྲུན་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཁ་ཆེ་ཤ་སྐམ་ཐོན་སྐྱེད་འདེབས་འཛུགས་རྟེན་གཞི་ཆེ་གྲས་དེ་ཡིན་ཞིང་། དེ་ལས་ཁ་ཆེ་ཤ་སྐམ་བོད་ལ་ཚོད་འདེབས་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཁ་གཏད་བོད་སྐྱོར་ཐད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཧྲང་ཧའེ་བོད་སྐྱོར་ལས་བྱེད་པ་དང་ཧྲང་ཧའེ་སྨན་རྫས་ཚོགས་པ་སྨན་རྒྱུ་འབྲེལ་གཏུག་ཚོགས་ཆུང་དབར་མཉམ་ལས་གཏིང་ཟབ་རྒྱུན་མཐུད་བྱས་ཏེ། ས་སྐྱ་རྫོང་དུ་ཁ་ཆེ་ཤ་སྐམ་ས་མཐོའི་ཚོད་འདེབས་རྟེན་གཞི་བསྐྲུན་པ་དང་། “བརྩེ་བ་ས་སྐྱར་འཆང་། ཁ་ཆེ་ཤ་སྐམ་འདེབས་འཛུགས་རྣམ་གྲངས”ཞེས་པ་བཏོད་དེ་ལག་རྩལ་དང་། ཐོན་ལས། སྤུས་རྟགས་བཅས་ལ་བརྟེན་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་དང་ཧྲང་ཧའེ་དང་བོད་ལྗོངས་དབར་གྱི་སྤེལ་རེས་ཟབ་ཏུ་བཏང་བ་རེད།

    ཁ་ཆེ་ཤ་སྐམ་ཚོད་འདེབས་ལེགས་གྲུབ་ཡོང་ཆེད། ཉེ་བའི་ལོ་ཤས་རིང་ཧྲང་ཧའེ་སྨན་རྫས་ཚོགས་པ་སྨན་རྒྱུ་ཚན་ཞིབ་ཚོགས་པ་སྔ་རྗེས་སུ་བོད་དུ་ཡོང་ནས་ས་ཡུལ་དངོས་ཀྱི་རྟོག་ཞིབ་ཐེངས་6བྱས་ཤིང་། དེའི་རིང“ས་འཁྱེར་སྤོ་འཛུགས”གིས་ཧྲང་ཧའེ་ཡི་ཉམས་མྱོང་བསླབས་པ་མ་ཟད་ད་དུང་དྲོད་ཁང་འཛུགས་སྐྲུན་གྱི་གནས་ཚུལ་དང་། དྲོད་ཚད་སྙོམས་སྒྲིག་མ་ལག ཆུ་འདྲེན་ལུད་རྒྱག་མ་ལག དུས་ཚིགས་ཀྱི་གནམ་གཤིས། འདེབས་འཛུགས་ནམ་དུས་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་རེད། དེས་མ་ཚད་ཁ་ཆེ་ཤ་སྐམ་འདེབས་འཛུགས་ལག་རྩལ་དང་། རྩི་ཤིང་གི་ཁྱད་ཆོས། སྐྱེ་འཚར་དུས་ཡུན། ལག་རྩལ་སྒྱུར་བཀོད། དྲོད་ཁང་གི་དྲོད་ཚད་དང་བརླན་ཚད་སྙོམས་སྒྲིག ལུད་ཆུ་དོ་དམ། མེ་ཏོག་བཞད་རྗེས་ཀྱི་ཟེའུ་འབྲུ་འཐུ་བསྡུ་དང་ལས་སྣོན་སོགས་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཡོངས་ལ་དམིགས་ནས་རྗེས་སྙེག་མཛུབ་ཁྲིད་བྱས་ཏེ། བོད་ཀྱི་ས་གནས་དེ་གའི་གནས་ཚུལ་དང་མཐུན་པའི་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་ཇུས་གཞི་བདེ་བླག་ངང་འཚོལ་ཞིབ་བྱས་ནས་ཁ་ཆེ་ཤ་སྐམ་ས་མཐོར་ཚོད་འདེབས་བྱེད་པའི་སྔོན་ཐོན་མ་དཔེ་བཏོད་པ་རེད།

    དེ་དང་ཆབས་ཅིག ཁ་ཆེ་ཤ་སྐམ་ཚོད་འདེབས་བྱས་རྗེས་ཀྱི་ནམ་དུས་དགུན་ཁ་དང་པོ་བདེ་བླག་ངང་སྒྲོལ་ཐུབ་པར་བྱ་ཆེད། ཧྲང་ཧའེ་སྨན་རྫས་ཚོགས་པ་སྨན་རྒྱུ་ཚན་ཞིབ་ཚོགས་པས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་མཛུབ་ཁྲིད་བྱས་པ་རེད། “སྟོབས་ལགས། ཕ་གིའི་ལོ་མ་སེར་པོ་ཆགས་འདུག ཕལ་ཆེར་རུལ་པ་འདྲ། རང་གིས་སྦྱག་མ་ཁྱེར་ནས་ཟླུམ་སྡོང་བསྔོགས་ཏེ་གཅིག་ལྟོས་དང”ཞེས་བརྙན་ལམ་བརྒྱུད་ལག་རྩལ་པ་ཝང་སི་ཀྲེས་ས་སྐྱའི་དྲོད་ཁང་ཆེན་པོའི་ལས་མི་སྟོབས་ལགས་ལ་དྲན་སྐུལ་བྱས་ཤིང་། ཞིབ་བཤེར་ཚར་རྗེས། ཝང་སི་ཀྲེས་རུལ་རྐྱེན་ལ་དབྱེ་ཞིབ་བྱས་ནས་གཡོག་བྱེད་བྱེད་སྟངས་ལེགས་སུ་གཏོང་བའི་བྱེད་ཐབས་བཏོན་གྱི་ཡོད།

    ས་སྐྱའི་དྲོད་ཁང་ཆེན་པོའི་རྟེན་གཞིའི་དྲོད་ཚད་སྙོམས་པོ་ཡོང་བར་བྱ་ཆེད། ཝང་སི་ཀྲེས་ཉིན་ལྟར་ལག་ཐོགས་ཁ་པར་ནས་དྲོད་ཁང་ཆེན་པོའི་དྲོད་ཚད་དང་བརླན་ཚད་ཀྱི་གྲངས་གཞིར་ལྟ་ཞིབ་ཚད་ལེན་ཐེངས་གསུམ་བཞི་ཙམ་བྱེད་ཀྱི་ཡོད། དེ་ལྟར་ཉིན་ཐོག་ཉིན་བརྩེགས་ཀྱིས་ལས་དོན་བསྒྲུབས་པ་ལ་བརྟེན་ནས། ད་ཆ་ཐག་རིང་ཧྲང་ཧའེ་དུ་ཡོད་པའི་ཁོང་གིས་གཞིས་རྩེར་ཞོགས་པ་ཉི་མ་ག་དུས་ཤར་གྱི་ཡོད་པ་སོགས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད།

    ད་ཆ་ཁ་ཆེ་ཤ་སྐམ་བོད་དུ་ཚོད་འདེབས་བྱེད་འགོ་ཚུགས་ཡོད། མི་རིང་བར་ཁ་ཆེ་ཤ་སྐམ་གྱིས་ས་གནས་དེ་གའི་མི་སེར་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་རྒྱུ་དང་ཆབས་ཅིག བདེ་ཐང་ཐོན་ལས་དེ་བས་མང་བ་འཕེལ་རྒྱས་འགྲོ་བར་སྐུལ་མའང་ཐེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།