ལྗོངས་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་ལས་སྟེགས་ཀྱི་གྲངས་གཞི་ཕབ་འཇུག་གསར་བརྗེས་ལས་དོན་ལེགས་གྲུབ་བྱུང་བ།
ཞིང་ལས་གྲོང་གསེབ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ལྗོངས་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་ལས་སྟེགས་ཀྱི་གྲངས་གཞི་ཕབ་འཇུག་གསར་བརྗེས་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྤེལ་ཏེ། རང་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་5595ཡི་ཞིང་དུད་ཁྲི་63.33གྱི་རྨང་གཞིའི་ཆ་འཕྲིན་གྱི་གྲངས་གཞི་འཛུགས་སྐྲུན་ཡག་པོ་དང་འཐུས་སྒོ་ཚང་དུ་བཏང་ནས། རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད་པ་རེད།
ལས་དོན་སྤེལ་ཚུན། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དང་། རྫོང(ཆུས་དང་གྲོང་ཁྱེར)ཁག་གིས་སྲིད་འཛིན་གྲོང་ཚོ་དང་ཞིང་དུད་ཀྱི་གཞི་རྩའི་གནས་ཚུལ་གཅིག་སྡུད་ཐོག་དུད་ཚང་དུ་བསྡུ་ལེན་དང་ཕབ་འཇུག་མ་ལག་བཙུགས་ནས། འོག་ནས་གོང་བར་རིམ་དབྱེ་འགན་འཁུར་གྱི་གྲངས་གཞིའི་ཞིབ་བཤེར་ལམ་སྲོལ་བཙུགས་ཏེ་དྲ་ཐོག་གསོ་སྦྱོང་དང་། ཁ་པར་སྦྲེལ་མཐུད། ཉིན་ལྟར་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་ཐབས་བརྒྱུད། གྲངས་གཞི་ཆ་ཚང་པོ་མེད་པ་དང་། ཆ་འཕྲིན་ཡང་དག་མིན་པ། གཏན་ཚིགས་གཅིག་མཐུན་མེད་པ་བཅས་ཀྱི་གྲངས་གཞིར་ཉིན་ལྟར་བཟོ་བཅོས་རྒྱག་པ་དང་། ལས་སྟེགས་ཀྱི་གྲངས་གཞི་གསར་བརྗེས་ཀྱི་འབྲེལ་ཡོད་གནད་དོན་ལ་དུས་ཐོག་ཏུ་ལན་བཏབ་ནས། གྲངས་གཞི་ཕབ་འཇུག་གསར་བརྗེས་ལས་དོན་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་ཤིང་། མིག་སྔར་ཆ་འཕྲིན་གྲངས་གཞི་ཁྲི་1200ལྷག་ཙམ་གྱིས་སྲིད་འཛིན་གྲོང་ཚོའི་ཐེམ་ཐོའི་སྤྱི་འབོར་དང་། གྲོང་ཚོའི་འཆར་འགོད། རྨང་གཞིའི་སྒྲིག་བཀོད། མིའི་འཚོ་སྡོད་ཁོར་ཡུག སྤྱི་པའི་ཞབས་ཞུ་སོགས་ཀྱི་ཆ་འཕྲིན་གསལ་པོར་རྟོགས་ཐུབ་ཀྱི་ཡོད་པ་རེད།