སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དང་། “མཛེས་ལྔ་མཉམ་སྐྲུན”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་མགྱོགས་སུ་གཏོང་བ། སྐྱེ་ཁམས་བཅོས་སྐྱོང་གི་སྣ་འདུས་ཐབས་བཟང་ཡག་པོ་འདོན་པ་དང་། སྐྱེ་ཁམས་དཔལ་འབྱོར་གྱི་མགྱོགས་འཕར་གཏོད་པ། སྐྱེ་ཁམས་ཁྱིམ་གཞིས་ཀྱི་མཛེས་སྡུག་གཏོད་པ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་གྱང་བརྟན་དུ་གཏོང་བ། སྐྱེ་ཁམས་རིག་གནས་ཀྱི་རམ་འདེགས་རོལ་དབྱངས་དཀྲོལ་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་བརྟེན་ནས། དུས་རབས་གསར་པའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཁྲིད་སྟོན་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བོད་ཀྱི་མ་དཔེ་ཧུར་ཐག་གཏོད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་སྣ་མང་ཕུན་སུམ་ཚོགས་ཀྱང་ཧ་ཅང་ཉམས་ཞན་ཡིན་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཀྱི་ནུས་པ་ཆེ་ཤོས་མངོན་འགྱུར་བྱེད་པ་ནི་ས་ཁོངས་འདིའི་ལས་འགན་གཙོ་བོ་རེད་ཅེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་རིང་རྒྱ་མཚོས། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས“མཛེས་ལྔ་མཉམ་སྐྲུན”གྱི་ལས་འགན་གྱི་བླང་བྱར་དམིགས་ཏེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་བ་དེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བཅོས་ཐབས་ཇུས་སུ་བརྩི་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ་ཁོར་ཡུག་སྤུས་ཚད་མཐོར་གཏོང་གི་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སུ་བརྩི་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་བྱེད་པ། བརྒྱུད་རིམ་ཧྲིལ་པོ་དང་རིམ་པ་མང་བའི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་ཉེན་ཁའི་འགོག་ཟོན་མ་ལག་འཛུགས་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
ཆབ་མདོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ནགས་དཔོན་གཞུང་དོན་ཁང་གི་འགན་འཁུར་བ་ཀྲོང་ཅེ་ཡིས་སླད་ཕྱིན་མུ་མཐུད་ནུས་ཤུགས་ཆེན་པོ་བཏོན་ནས་གཞི་རིམ་གྱི་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་དོ་དམ་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མིག་སྔའི་ལས་དོན་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པ། “སྔོ་ལྗང་རྒྱ་སྐྱེད”དང་། “སྔོ་ལྗང་དར་བ”“སྔོ་ལྗང་སྲུང་སྐྱོང”བཅས་རྒྱུན་ཆད་མེད་པར་བྱས་ཏེ། ཆབ་མདོའི་རི་བོ་རྒྱུན་དུ་སྔོ་བ་དང་། ཆུ་མོ་རྒྱུན་དུ་བཞུར་བ། མཁའ་རླུང་རྒྱུན་དུ་སོས་པ་བཅས་ཡོང་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་བརྗོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙང་གསུམ་ཆུ་འགོའི‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’སྲུང་སྐྱོང་ཡག་པོ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཆུ་རྩྭ་གསོ་ཁུལ་གྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་དེས་རང་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཀྲའོ་ཧུའེ་ཡིས་བཤད་པ་དང་། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་བོད་ཀྱི་གཙང་པོ་དང་མཚེའུ་ཡུན་རིང་གཙང་མ་ཡོང་རྒྱུ་དམིགས་ཚད་དུ་བྱས་ནས། ཆུའི་ཐོན་ཁུངས་དོ་དམ་དང་། ཆུ་ཁོངས་མཚོ་རྒྱུད་ཀྱི་བར་མཐོངས་དོ་དམ་ཚོད་འཛིན། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྒྲིག ཆུའི་སྐྱེ་ཁམས་སླར་གསོ་བཅས་ལ་སྤྱི་འདོམས་བྱས་ཏེ། གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ཆུ་རྒྱུན་དལ་འབབ་དང་། སྐྱོན་བྲལ། རིག་ལྡན། རིག་གནས། ཁྲིམས་སྐྱོང་། འཕེལ་རྒྱས་བཅས་ཀྱི་བདེ་སྐྱིད་ཀྱི་གཙང་པོ་དང་མཚེའུ་བསྐྲུན་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།