མལ་གྲོ་གུང་དཀར་རྫོང་གིས་ཆན་ཧྥུའུ་110ཡི་ནུས་རྒྱུ་གསར་པའི་གློག་གཏོང་འགོ་ཚུགས་པ།
གསར་འགོད་པས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སི་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཆན་ཧྥུའུ་110ཡི་ནུས་རྒྱུ་གསར་པའི་གློག་གཏོང་འགོ་ཚུགས་ཤིང་། ལས་གྲྭ་དེ་ནི་2024ལོར་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་གློག་གཏོང་རྣམ་གྲངས་ཀྱི་ལས་གྲྭ་དང་པོ་དེ་ཡིན་པ་རེད།
གསར་སྐྲུན་ལས་གྲྭའི་སྐུད་ལམ་གྱི་སྤྱིའི་རིང་ཚད་ལ་སྟོང་སྨི་25.527ཟིན་པ་དང་། གསར་དུ་བསྐྲུན་པའི་ཆན་ཧྥུའུ་110ཡི་གནམ་དཔྱང་སྐུད་ལམ་དེ་མལ་གྲོ་གུང་དཀར་ཧྭ་གློག་འོད་ཤུགས་གློག་ཁང་དང་ཆན་ཧྥུའུ་110ཡི་ཐང་སྐྱ་གློག་སྒྱུར་ས་ཚིགས་དང་དེ་བཞིན་ཀྲའོ་ཝ་100ཡི་འོད་ཤུགས་ལྷ་སའི་གློག་དྲ་དང་སྦྲེལ་མཐུད་བྱ་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས། ལྷ་སའི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་ཞི་ལྷོད་དང་གློག་ཤུགས་ནུས་རྒྱུའི་གྲུབ་ཆ་ལེགས་སུ་འགྲོ་རྒྱུ་མ་ཟད། ལྷ་སའི་གློག་དྲའི་བློས་འགེལ་རང་བཞིན་དང་བརྟན་པོའི་རང་བཞིན་སྔར་བས་ཆེ་རུ་ཕྱིན་ནས། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོའི་ཟླ་9ཚེས་30ཉིན་ལས་འགོ་བཙུགས་ཚུན། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིས་ལས་གྲྭའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཡུན་ལུགས་མཐུན་ངང་འཆར་འགོད། འཆར་གཞི་དུས་ཐོག་ཏུ་བཀོད་སྒྲིག་བཅས་བྱས་པ་བརྒྱུད། ཟླ་བ་བརྒྱད་ནང་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་འབྲེལ་འཁོར་སྐྱོད་བྱེད་འགོའང་ཚུགས་པ་རེད། གོམ་སྟབས་རྗེས་མར། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིས་རྗེས་མཐུད་རྣམ་གྲངས་སྐྲུན་མགྱོགས་སུ་བཏང་ནས་གང་མགྱོགས་སྤྱོད་འགོ་ཚུགས་ཏེ་དེ་བས་ལྗང་མདོག་དང་། གཙང་མ། ནུས་ཆེ་བཅས་ཀྱི་དེང་རབས་ནུས་རྒྱུའི་མ་ལག་སྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།