དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “གནད་དོན་ཁྱེར་ནས་ཕྱིན། དྲོ་སྐྱིད་བསྣམས་ནས་འོང”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-22

    འདི་ནི་གྲོག་རོང་རྒྱབ་ཁུག་ལྟ་སྐུལ་རུ་ཁག་གྲོང་ཚོར་འདྲི་རྩད་ལ་སྐྱོད་བཞིན་པ།

    འདི་ནི་ཞའོ་ཅུན(གཡས)གྱིས་མང་ཚོགས་ཀྱི་ས་ནས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཤེས་རྟོགས་བྱེད་བཞིན་པ།

    ཞོགས་པ་སྔ་པོ་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི“གྲོག་རོང་རྒྱབ་ཁུག་ལྟ་སྐུལ་རུ་ཁག”གི་རུ་དཔོན་ཞའོ་ཅུན་དང་རུ་མི་ཚོས་རྒྱབ་ཁུག་ལྗིད་པོ་རེ་ཁུར་ནས་བྲག་རོང་འགྲམ་གྱི་གཞུང་ལམ་ཀྱག་ཀྱོག་དེ་དེད་ནས་བསྐྱོད་འགོ་ཚུགས། ལུང་གཞུང་དུ་ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས་ཁོང་ཚོ་གཞི་ནས་མགོ་ལོག་གྲོང་རྡལ་དབང་འདུས་གྲོང་ཚོར་སླེབས།

    གྲོང་ཚོའི་ནང་དུ་སླེབས་རྗེས་ཞའོ་ཅུན་གྱིས་ལམ་སེང་གྲོང་མི་ཚེ་ཆེ་གེ་མོའི་ས་ནས་གནས་ཚུལ་ཤེས་རྟོགས་བྱས།

    ཞའོ་ཅུན་གྱིས“དེ་སྔོན་ཁྱེད་ཀྱིས་སྨན་རིན་རྒྱུན་ལྡན་ལྟར་རྩིས་ཞུ་བྱེད་ཐུབ་ཀྱི་མི་འདུག་ཅེས་ཞུས་མྱོང་། ད་ཆ་གནད་དོན་ཐག་གཅོད་ཐུབ་སོང་ངམ”ཞེས་དྲིས།

    “ཐག་གཅོད་ཐུབ་སོང་། དེ་སྔོན་གྲོང་ཚོའི་ནང་གི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱེད་མི་ཐུབ་པའི་དུད་ཁྱིམ་9ཚང་མར་ད་ཆ་སྨན་རིན་རྩིས་ཞུ་རག་སོང”ཞེས་ཚེ་ཆེ་གེ་མོས་བརྗོད།

    དེ་གོང“གྲོག་རོང་རྒྱབ་ཁུག་ལྟ་སྐུལ་རུ་ཁག”གིས“དོན་དག་ཡོད་ན་སྒྲིག་བཤེར་འཚོལ་བའི”གྲོག་རོང་རྒྱབ་ཁུག་གི་ངོ་བཅར་དང་ལེན་ཆེན་པོའི་བྱེད་སྒོ་སྤེལ་དུས། གྲོང་མི་མང་པོ་ཞིག་གིས་སྨན་རིན་རྒྱུན་གཏན་ལྟར་རྩིས་ཞུ་བྱེད་ཐུབ་ཀྱི་མི་འདུག་ཅེས་ཞུས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། མགོ་ལོག་གྲོང་རྡལ་དབང་འདུས་གྲོང་ཚོའི་རྩིས་པ་སྐལ་ཆེ་གེ་མོས་གྲོང་མིའི་སྨན་བཅོས་འགན་བཅོལ་གྲོན་དངུལ་བསྡུས་རྗེས། ཁ་ཤས་འཇལ་རྒྱུ་ལུས་པས་དུད་ཁྱིམ་9ཡི་གྲོང་མི་26འགན་བཅོལ་ལ་དུས་ཐོག་ཏུ་ཞུགས་ཐུབ་མེད་པ་མ་ཟད་འབྲེལ་ཡོད་ཀྱི་འགྲོ་གྲོན་རྩིས་ཞུ་ཡང་བྱེད་ཐབས་བྲལ་བས། མཐར་སྐལ་ཆེ་གེ་མོར་ཏང་ནང་གི་ཐ་ཚིག་ནན་པོ་བསྒྲགས་ཡོད་པ་རེད།

    “གྲོག་རོང་རྒྱབ་ཁུག་ལྟ་སྐུལ་པས་འཐབ་ས་དང་པོར་བསྐྱོད་ནས་མང་ཚོགས་ཀྱི་རེ་ཞུ་ཉན་པ་མ་ཟད། དེ་བས་ཀྱང་དག་ཐེར་ལ་སྐུལ་འདེད་དུས་ཐོག་གཏོང་གི་ཡོད” ཞའོ་ཅུན་གྱིས་བལྟས་ན། ཡིག་འབུལ་ཞུ་བཅར་བྱེད་མཁན་བསྒུགས་ནས་སྡོད་རྒྱུ་མེད་པར་དེ་ལས་ལྡོག་སྟེ་གཞི་རིམ་དུ་བསྐྱོད་ནས་འདྲི་རྩད་ཧུར་ཐག་བྱས་ཏེ། གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱེད་པའི་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་བ་དང་མང་ཚོགས་ཀྱི་རེ་ཞུ་བསྡུ་རུབ་བྱེད་ཤུགས་ཆེ་རུ་བཏང་ནས་ལྷག་བསམ་ཟོལ་མེད་ངང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཀྱི་ཡོད།

    ཉག་ཆུ་རྫོང་ནི་སི་ཁྲོན་ནུབ་བྱང་གི་ས་མཐོར་གནས་ཤིང་། གྲོང་ཚོ་ཁག་གཅིག་ཐག་རིང་ལུང་ཁུག་ཏུ་གནས་པ་དང་ས་བབ་རྙོག་འཛིང་ཆེ་བ་མ་ཟད་འགྲིམ་འགྲུལ་ཡང་སྟབས་བདེ་མེད། དེས་ན་ཇི་ལྟར་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་ལ་དུས་ཐོག་ཏུ་ལན་རྒྱག་ཐུབ་པ་བྱེད་དགོས་སམ་ཞེ་ན། ཉག་ཆུ་རྫོང་ཡོངས་ཀྱི་ཤང་གྲོང་16དང་གྲོང་ཚོ(སྡེ་ཁུལ)81གིས་གྲོག་རོང་རྒྱབ་ཁུག་ལྟ་སྐུལ་པ་227ཧྲག་འདེམས་བྱས་ནས་གདན་ཞུ་བྱས་ཤིང་། ཁོང་ཚོས་ལ་བརྒྱབ་ཀླུང་བརྒལ་གྱིས་མང་ཚོགས་ཀྱི་སྒོ་རྩར་ཞབས་འདེགས་ཞུས་པ་མ་ཟད། དུད་ཁྱིམ་དུ་སྤྱོད་གཙང་འདྲི་རྩད་དང་། དྲིལ་བསྒྲགས་སྒྲོག་འགྲེལ། ལྟ་སྐུལ་ཞིབ་བཤེར། གནད་དོན་ཞིབ་བཤེར་སོགས་ཀྱི་ལས་དོན་བསྒྲུབས་ཀྱི་ཡོད།

    དེ་གོང་མང་ཚོགས་ཀྱིས་སྙན་སེང་ཞུས་པའི་གནད་དོན་དག་ཐེར་བྱས་ཚུལ་ལ“ཕྱིར་མིག”བལྟས་རྗེས། ཞའོ་ཅུན་དང་རུ་མི་ཚོས་གྲོང་མི་རྣམས་བསྡུས་ནས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཤེས་རྟོགས་བྱས་པ་མ་ཟད། གྲོང་མིའི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གྲལ་བཤེར་ཡང་བྱས་པ་རེད། “དེ་རིང་ཚང་མ་འདི་གར་ལྷན་དུ་འཛོམས་པས་དཀའ་ངལ་དང་རེ་ཞུ་ག་རེ་ཡོད་ཀྱང་གང་བསམ་ལྷུག་པོར་བརྗོད་རོགས། ང་ཚོས་ཐག་གཅོད་ཡོང་གང་ཐུབ་བྱེད་ཀྱི་ཡིན”ཞེས་ཞའོ་ཅུན་གྱིས་བཤད།

    ཆུ་ཚོད་གཉིས་ལྷག་ཙམ་རིང་དཀའ་ངལ་ཁག་གཅིག་ས་ཡུལ་དངོས་སུ་ཐག་གཅོད་བྱས་པ་དང་ས་ཡུལ་དངོས་སུ་ཐག་གཅོད་བྱེད་ཐབས་བྲལ་བའི་རེ་ཞུར་རིགས་དབྱེ་ནས་ཟིན་བྲིས་བརྒྱབ་སྟེ་རྒྱབ་ཁུག་ནང་བཅུག་པ་རེད། མིག་སྔར་རྫོང་དེ་གའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མང་ཚོགས་དུད་ཁྱིམ་1000ལྷག་ཙམ་ལ་ངོ་བཅར་བྱས་པ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་རིམ་རྩིས་བྱས་ན་གནད་དོན་ཁག་151བསྡུ་རུབ་བྱས་པ་དང་གནད་དོན་ཁག་45ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད།

    “ནགས་ཀླུང་སྟུག་པོ་བརྒྱུད་དགོས་བྱུང་ཡང་དུད་ཁྱིམ་དུ་སླེབས་པ་བྱེད་དགོས་ལ། ལ་ཀླུང་བགྲང་མེད་བརྒྱབ་དགོས་ཐུག་ཀྱང་གྲོང་མི་དང་ཉེ་བར་བཅར་ནས་དོན་དག་ཐག་གཅོད་བྱེད་དགོས། ཏང་ཡོན་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་གི་ངོས་ནས་དོན་དངོས་ལ་བཅར་འདྲི་ཐུབ་པ་དང་གནད་དོན་ངོ་མ་སེལ་ཐུབ་ཚེ། ང་ཚོ་ལམ་ཐག་རིང་པོ་ཇི་ཙམ་བསྐྱོད་དགོས་བྱུང་ཡང་འགྲོ་འདོད་ཡོད”ཅེས་ཞའོ་ཅུན་གྱིས་རང་ཉིད་ཀྱི་རྒྱབ་ཁུག་ཡར་བཏེག་ཙམ་བྱས་ཤིང་། ཁོང་གིས་མུ་མཐུད“འདི་ནི་ངས་ཁུར་བའི་ཁུག་མ་ལྕི་ཤོས་དེ་རེད། རྒྱུ་མཚན་ནི་འདིའི་ནང་གྲོང་མི་ཚང་མའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཡོད་པས་རེད། ནམ་རྒྱུན་ང་ཚོས་གནད་དོན་མང་པོ་ཁུར་ནས་འགྲོ་བ་དང་དེ་རྗེས་དྲོ་སྐྱིད་མང་པོ་ཁྱེར་ནས་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།