ལྗང་མདོག་ནི་ཚང་མའི་དོན་གཉེར་བྱེད་ས་ཡིན་ལ་གཉིས་ཕན་གྱི་སྒུལ་ཤུགས་དེ་བས་ཀྱང་ཡིན།
—— ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་ལྗང་མདོག་ཕྱོགས་སྒྱུར་ལ་རམ་འདེགས་ཐུབ་རྒྱུའི་རེ་སྒུག་ཆེན་པོ་བྱེད་པ།
ཚེས་19ཉིན་ཤིན་ཧྭ་གསར་འགྱུར་ཁང་ཀྲུང་གོའི་དཔལ་འབྱོར་ཆ་འཕྲིན་ཁང་དང་ཡོ་རོབ་མནའ་འབྲེལ་ཀྲུང་གོའི་ཚོང་ཚོགས་ཀྱིས་པེར་ཀྲེམ་གྱི་པུ་རུ་སེར་དུ་མཉམ་འབྲེལ་ཐོག《ཡོ་རོབ་ཏུ་ལྗང་མདོག་བྱ་སྤྱོད་སྤེལ། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་ཡོ་རོབ་ཏུ་འཕེལ་རྒྱས་གཏོང་བའི་སྐོར་གྱི་སྙན་ཞུ》(བསྡུས་མིང་སྙན་ཞུ་ཞེས་བརྗོད་རྒྱུ)ཡོངས་བསྒྲགས་བྱས་པ་རེད། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་སྲིད་དོན་དང་ཚོང་དོན་ལས་རིགས་དང་། རིག་གཞུང་ལས་རིགས། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་མི་སྣས་ཀྲུང་གོ་འདི་ཉིད་ནུས་རྒྱུ་གསར་པ་དང་ལྗང་མདོག་བཟོ་སྐྲུན་སོགས་ཁྱབ་ཁོངས་ལ་བརྟེན་ནས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེ་གོ་ལ་ཧྲིལ་པོའི་ལྗང་མདོག་དཔལ་འབྱོར་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཟུར་པ་ཧྥ་རན་སེའི་ནུས་རྒྱུ་མཐུན་ཚོགས་ཀྱི་ཀྲུའུ་ཞི་པུའུ་ལི་སི·ལཱ་ལུང་ཏེས་ཚེས་19ཉིན་འཚོགས་པའི་སྙན་ཞུ་ཡོངས་བསྒྲགས་ཚོགས་འདུ་དང་ཀྲུང་གོ་དང་ཡོ་རོབ་ཁེ་ལས་ཀྱི་གྲལ་སྒོར་གླེང་སྟེགས་ཐོག་ཤིས་ཚིག་སྒྲོན་སྐབས“ཀྲུང་གོས་ཐཱན་མེད་པའི་ཁྱབ་ཁོངས་སུ་འགོ་ཁྲིད་ཀྱི་ནུས་པ་བཏོན་པར་ང་ཚོས་བསྔགས་བརྗོད་བྱེད་དགོས་ངེས་རེད” ཀྲུང་གོས་གློག་སྒུལ་རླངས་འཁོར་ཁྱབ་ཁོངས་སུ་ཡར་ངོའི་ཟླ་ལྟར་འཕེལ་བའི་ཐོན་སྐྱེད་ནུས་ཤུགས་བསགས་པ་མ་ཟད། ལག་རྩལ་གྱི་ལེགས་ཆ་མངོན་གསལ་དོད་པོའང་ལྡན་པས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
“ཀྲུང་གོ་ནི་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་རེད། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་མ་ལག་འཐུས་སྒོ་ཚང་བར་དམིགས་པ་དང་དུས་མཚུངས་མ་གནས་དམའ་བ་དང་ལས་ཕྱོད་ཆེ་བར་བལྟས་ནས། ལེ་ནོ་དང་། པའོ་མཱ། མེ་སའེ་ཏེ་སི-པིན་ཁྲི་སོགས་ཡོ་རོབ་ཀྱི་རླངས་འཁོར་བཟོ་གྲྭ་གཙོ་བོ་ཚང་མས་གློག་སྒུལ་འཁོར་རིགས་ཁག་གཅིག་ཀྲུང་གོར་ཐོན་སྐྱེད་བྱས་རྗེས་སླར་ཡང་ཡོ་རོབ་ལ་ཕྱིར་གཏོང་བྱས་ནས་ཚོང་གི་ཡོད”ཅེས་ཏུའུ་ཏེང་ཧོ་ཧྥེར་གྱིས་བརྗོད་པ་དང་། ཁོང་གིས་དེ་ནི་ཁེ་ལས་ཀྱི་ཁྲོམ་ར་ཅན་གྱི་བྱ་སྤྱོད་ཧ་ཅང་རྒྱུན་གཏན་ཞིག་རེད་ཅེས་བརྗོད།
ཡོ་རོབ་ཀྱི་དཔལ་འབྱོར་ལས་རིགས་མི་སྣས་ཡོ་རོབ་ཀྱི་རླངས་འཁོར་ཁེ་ལས་ཀྱིས་གློག་སྒུལ་ཅན་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཐོན་ལས་དང་། ལག་རྩལ། མཁོ་སྤྲོད་འཁོར་སྦྲེལ་སོགས་ཐད་ཀྱི་འགྲན་སློང་འཕྲད་པས་ཀྲུང་གོ་དང་མཉམ་ལས་བྱེད་པ་དེ“འགྲན་སློང་གོ་སྐབས་སུ་བསྒྱུར་བའི”གདམ་ག་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
པེར་ཀྲེམ་སློབ་ཆེན་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ལས་འཛིན་པ་ཨེ་ལི་ཁེ·ཏེ་ཁེ་ལའེ་ནེར་གྱིས་གསར་འགོད་པར། ཡོ་རོབ་ཀྱི་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཁོ་སྤྲོད་འཁོར་སྦྲེལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་རླངས་འཁོར་གློག་རྫས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཁེ་ལས་ཀྱི་དངོས་ཡོད་སྟོབས་ཤུགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་ལྗང་མདོག་ཕྱོགས་སྒྱུར་ལ་རོགས་རམ་ཐུབ་རྒྱུ་རེད། ཀྲུང་གོའི་གློག་སྒུལ་རླངས་འཁོར་ཡོ་རོབ་ཀྱི་ཁྲོམ་རར་བཏོན་པ་དེས་ས་གནས་དེ་གའི་འཛད་སྤྱོད་པར་འགྲན་རྩོད་ཀྱི་ནུས་པ་ཆེ་བའི་གློག་སྒུལ་འཁོར་རིགས་དེ་བས་མང་བ་ཐོན་པ་དང་དམངས་ཚོགས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ཁས་ལེན་དེ་བས་བྱེད་ཚད་མཐོ་རུ་ཕྱིན་པ་མ་ཟད། ཁྲོམ་རའི་གསོན་ཤུགས་ཀྱང་ཆེ་རུ་འགྲོ་ཐུབ་ཅེས་བརྗོད།
སྙན་ཞུའི་ནང་། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཐད་ཀྲུང་གོ་དང་ཡོ་རོབ་ལ་སོ་སོའི་ལེགས་ཆ་ལྡན་པས་ཕ་རོལ་པོའི་གོ་ལ་ཧྲིལ་པོའི་ལྗང་མདོག་ཐོན་ལས་འཁོར་སྦྲེལ་གྱི་ཚན་རིག་ལས་བགོས་མ་ལག་ལ་ཕན་ཚུན་བརྩི་འཇོག་དང་རིན་ཐང་འཁོར་སྦྲེལ་གྱི་མཉམ་ལས་གང་ལེགས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་སོ་སོའི་དགེ་མཚན་གང་ལེགས་སྤྱད་ནས་གོ་ལ་ཧྲིལ་པོའི་ཁྲོམ་ར་ཐུན་མོང་ཐོག་གསར་སྤེལ་བྱེད་དགོས་ཞེས་འཁོད་ཡོད་པ་རེད། ཡོ་རོབ་ཀྱི་ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ལྟ་བ་དེར་བསྔགས་བརྗོད་བྱས་ནས་ཡོ་རོབ་དང་ཀྲུང་གོ་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་འབོད་གཅིག་རྗེས་གཉིས་མཐུད་ངང་བྱས་པ་རེད།
ཡོ་རོབ་མནའ་འབྲེལ་ཀྲུང་གོ་ཚོང་དོན་མཐུན་ཚོགས་ཀྱི་ལག་བསྟར་ལས་འཛིན་པ་སུང་ཧུའེ་ཨན(རྒྱ་ཡིག་མིང)གྱིས་ཡོ་རོབ་དང་ཀྲུང་གོའི་ལྗང་མདོག་འདུ་ཤེས་གཅིག་མཐུན་ཡིན་པས་གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ནི་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་རྡོ་ལྟ་བུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཡོ་རོབ་དང་ཀྲུང་གོས་ལས་རིགས་གཅིག་པ་དང་མཉམ་ལས་བྱེད་པ་དེ་གོ་ལ་ཧྲིལ་པོའི་ཐཱན་ཚད་སྙོམ་སྦྱོར་དམིགས་ཚད་མངོན་འགྱུར་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སུང་ཧུའེ་ཨན་གྱིས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་ཀྱིས་ཡོ་རོབ་མནའ་འབྲེལ་དང་འཛམ་གླིང་གི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་ལེགས་སྐྱེས་ཕུལ་བ་མ་ཟད། ས་གནས་དེ་གར་ལས་ཞུགས་གོ་སྐབས་འབོར་ཆེན་ཡང་བཏོད་ཡོད་ཅེས་བརྗོད།
སུང་ཧུའེ་ཨན་གྱིས“ཚོང་དོན་གྱི་འཁྲུག་རྩོད་ནི་ཕྱོགས་གང་ལའང་ཕན་པ་མེད”ཅེས་དང་། གནམ་གཤིས་འགྱུར་ལྡོག་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཞིག་ཡིན་པས་ཕྱོགས་ཁག་གིས་གཅིག་མཐུན་དང་། མཐུན་སྦྱོར། མྱུར་པོ་བཅས་ཀྱི་བྱ་སྤྱོད་སྤེལ་ནས་ཐུན་མོང་ཐོག་དེ་བས་ལྗང་མདོག་གི་འབྱུང་འགྱུར་གཏོད་པའི་དགོས་གལ་ཆེན་པོ་ཡོད་ཅེས་བརྗོད།