དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མཚམས་སྦྱོར་ཚོགས་འདུས་མགྲོན་པོ་བཀུག མཉམ་ལས་གཉིས་ཕན་དོན་དུ་གཉེར།

    —— ཆབ་མདོས་ཧྥུའུ་ཀྲོའུ་རུ་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་མཚམས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-22

    འདི་ནི་ཆབ་མདོའི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་སྤེལ་ཡུལ་ཡིན་པ།

    དབྱར་དུས་ཀྱི་ཧྥུའུ་ཀྲོའུ་ནི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

    ཟླ་6ཚེས་19ཉིན་གྱི་སྔ་དྲོར“ངོ་མཚར་ཅན་གྱི་ཁམས་པ། བདེ་སྐྱིད་ལྡན་པའི་ཆབ་མདོ”ཞེས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་མཚམས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧྥུའུ་ཀྲོའུ་རུ་འཚོགས་པ་དང་། ཚོགས་འདུ་དེ་ནི་ཀྲུང་གོ·མཚོ་འགག་གི་གསར་གཏོད་རྣམ་གྲངས་ཀྱི་གྲུབ་འབྲས་ཚོང་འདུས་སྐབས་ཉེར་གཉིས་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མ་འཇོག་གི་འདོད་མོས་ཡོད་པའི་ཁེ་ལས་60ལྷག་ཙམ་ཚོགས་འདུར་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    ཚོགས་འདུ་མཚམས་སྦྱོར་དུ་བྱས་ནས་མགྲོན་པོ་བཀུག་པ་དང་ཁ་དན་ཚིག་གནས་ཀྱིས་ཚོང་འགུགས་ལ་སྐུལ་འདེད་གཏོང་བ། མཚམས་སྦྱོར་ངོ་སྤྲོད་ཚོགས་འདུ་དེ་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་དང་ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཉེར་འགན་འཁུར་བ་རེད། ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་11དང་དེ་བཞིན་ཆབ་མདོ་ཁུལ་གསར་གྱིས་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཁག་སོ་སོར་མཚམས་སྦྱོར་ངོ་སྤྲོད་བྱས་ཤིང་། ཆབ་མདོའི་གཟིགས་སྐྱོང་སྲིད་ཇུས་དང་། མ་འཇོག་ཁོར་ཡུག ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་ངོ་སྤྲོད་བྱས་པ་དང་། ཁེ་ལས་མཁས་ཅན་ཚོར་ཆབ་མདོའི་ད་ལྟ་ལག་ལེན་བསྟར་མུས་ཀྱི་ཁྲལ་བསྡུ་དང་། དངུལ་རྩ། ཐོན་ལས། ས་ཆ་བཅས་ཀྱི་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་སྟེ། རྒྱ་ཆེའི་ཚོགས་ཞུགས་ཁེ་ལས་མཁས་ཅན་གྱིས་ཆབ་མདོའི་བརྩེ་སེམས་དང་གསོན་ཤུགས་དང་། ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་བཅས་གང་ལེགས་ཚོར་ཐུབ་པ་བྱས་པ་རེད།

    ཆབ་མདོ་ཁུལ་གསར་ནི་རང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་དང་པོ་དེ་ཡིན་པ་དང་། 2020ལོར་ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་ལ་ཆོག་མཆན་ཐོབ་ཡོད། མིག་སྔར་ས་མཐོའི་ཁྱད་ལྡན་སྐྱེ་དངོས་སྨན་རྫས་དང་། ཞིང་འབྲོག་ལས་སྣོན། ནུས་རྒྱུ་གཙང་མ་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་ཆགས་ཡོད།

    “ལོ་བཅུའི་འཕེལ་རྒྱས་ནང་ཚོང་ལས་ཡག་པོ་གཉེར་རྒྱུ་རྩ་བར་འཛིན་ཞིང་། ཆབ་མདོ་ཁུལ་གསར་གྱིས་ཁྲོམ་རའི་དཔལ་འབྱོར་དར་རྒྱས་ཆེ་ཁུལ་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བབ་བསྟུན་སྣེ་ཁྲིད་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་སྔར་བས་ནུས་ལྡན་བཏོན་ནས་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། མ་དངུལ་བསྡུ་སྒྲིལ་གྱི་གཟིགས་སྐྱོང་སྐྱེད་ཚད་དང་། ཚོང་རར་འདོན་པའི་ཐོགས་མེད་བགྲོད་ལམ། ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་ཞིབ་ཕྲའི་སྲིད་ཇུས་ནས་ཐོན་ལས་སྐྱེད་སྲིང་དང་། ཁེ་ལས་མ་འཇོག ལས་ཞུགས་ཐག་གཅོད། ཚན་རྩལ་གསར་གཏོད། ཐོན་ལས་སྔ་ཕྱིའི་འཁོར་འབྲེལ་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད”ཅེས་ཆབ་མདོ་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཝུའུ་ཝུན་ཚུང་གིས་ཚོགས་ཞུགས་ཚོང་མགྲོན་ཚོར་མཚམས་སྦྱོར་ངོ་སྤྲོད་བྱས་པ་རེད།

    ཆབ་མདོའི་ཡུལ་སྐོར་ཐོན་ཁུངས་ཐད་ཆབ་མདོ་གྲོང་ཁྱེར་ཇ་རྟ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེན་ཀྲེ་ཧྥེ་ཡིས“ཆབ་མདོ་གྲོང་ཁྱེར་དུ་རྒྱ་ཆེའི་ཡུལ་སྐོར་བས་རྒྱུས་མངའ་ཆེ་བའི་ཀྲུང་གོའི་གཞུང་ལམ་མཛེས་ཤོས་དང‘ཚེ་འདིར་ངེས་པར་དུ་རླངས་འཁོར་བཏང་ནས་སྐྱོད་དགོས་པའི’རྒྱལ་ལམ་318ཡོད་པ་མ་ཟད། ད་དུང་རྒྱལ་ལམ་349དང་317གཉིས་ཡོད་པ་དང་། རྒྱལ་ལམ་གསུམ་པོ་ཤར་ནས་ནུབ་ཏུ་ཆབ་མདོ་གྲོང་ཁུལ་འཕྲེད་བརྒལ་བྱས་ནས་ཁྲོན་བོད་ལྷོ་ལམ་དང་། དཀྱིལ་ལམ། བྱང་ལམ་བཅས་གྲུབ་པ་དང་། རྒྱལ་ལམ་318བརྒྱུད་དུ་ཚང་མས་རྒྱུས་མངའ་ཆེ་བའི་རྒྱལ་མོ་རྔུལ་ཆུའི་ཁུག་དོན་གཉིས་དང་རྭ་འོག་མཚོ་སོགས་མཛེས་ལྗོངས་ཡོད། རྒྱལ་ལམ་349དང་317དུ་མདོག་གསུམ་མཚོ་དང་ཤོ་པ་མདོ་གྲོང་རྡལ་སོགས་ཀྱི་གྲགས་ཅན་མཛེས་ལྗོངས་ཡོད་པས་རྒྱ་ཆེའི་ཡུལ་སྐོར་བ་ཚོ་ཆབ་མདོར་ཡུལ་སྐོར་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་ལྷུག་པོར་གླེང་།

    ད་ཐེངས་ཀྱི་མཚམས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་10ལ་གྲུབ་འབྲས་ཐོབ་པའི་ངང་མིང་རྟགས་བཀོད་པར་འདོད་མཐུན་མ་འཇོག་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་34.46ཟིན་པ་དེ་དག་གཙོ་བོ་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར་ལུས་གསོ། ས་མཐོའི་སྐྱེ་དངོས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པས། སྤུས་ལེགས་ཁེ་ལས་དང་རྣམ་གྲངས་དེ་བས་མང་བ་ཆབ་མདོར་བཅའ་ཞུགས་བྱེད་རྒྱུའི་ཡིད་དབང་བཀུག་སྟེ། ཧྥུའུ་ཅན་དང་ཆབ་མདོའི་མཉམ་ལས་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཆབ་མདོའི་ཚོང་འགུགས་མ་འདྲེན་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་ཐུབ་ནས་ཆབ་མདོའི་དཔལ་འབྱོར་རྒྱུན་མཐུད་དང་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།