ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་མང་ཚོགས་ཀྱི་ཇ་ལོ་སོས་པ་ཕྱིར་ཚོང་ཡོང་འབབ་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ད་ལོ་ཚུན་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་རིམ་རྩིས་བྱས་ན་ཇ་ལོ་སོས་པ་རྒྱ་མ་ཁྲི་18.9ལྷག་ཙམ་བཏུས་ནས་ཕྱིར་ཚོང་བྱས་པར་དངུལ་འབོར་སྒོར་ཁྲི་746.7ལྷག་ཙམ་ཟིན་ཏེ་མང་ཚོགས་ཀྱི་ཇ་ལོ་སོས་པ་ཕྱིར་ཚོང་ཡོང་འབབ་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་སྤུས་འབྲས་ལེགས་གཉེར་དང་། སྤུས་རྟགས་འཛུགས་གཏོད། རིགས་སྒྱུར་རིམ་སྤོར་སོགས་ཐད་ཐབས་བཟང་མང་པོ་སྤྱད་པ་དང་། ཇའི་ཐོན་ལས་གཞི་ཁྱོན་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། ཁྱད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་རིགས་སྒྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཇའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད། རྫོང་ཡོངས་ཀྱིས་ཇའི་ཐོན་ལས་ཀྱི་བཞུགས་མོལ་ཚོགས་འདུ་དང་ཇའི་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་སོགས་ཀྱི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ཞིང་ལས་ཐོན་རྫས་འགན་ལེན་གྱི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་མངོན་གསལ་དོད་པོ་ཡོང་བ་དང་། ཇའི་ཁེ་ལས་ཀྱི་འགྲན་རྩོད་བཟང་པོར་ཁྲིད་སྟོན་བྱེད་པ། ཇ་རའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ནས་ཇའི་ཐོན་ལས་འཕེལ་རྒྱས་འགྲོ་བར་ཚུགས་གནས་མཐོན་པོས་སྐུལ་འདེད་བཏང་ཡོད། མེ་ཏོག་རྫོང་གིས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཤུགས་ཆེན་བསྒྲུབས་ཏེ་ཇའི་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲེལ་གྱི་ཇའི་ཁེ་ལས་འཕེལ་རྒྱས་ཀྱི་འབྲེལ་བ་བཟང་པོ་ཧུར་ཐག་བཙུགས་ཤིང་། མིག་སྔར་རྫོང་ཡོངས་སུ་ཞིང་འབྲེལ་གྱི་ཇའི་ཁེ་ལས་ཁྱོན་བསྡོམས་6ཡོད་པ་ལས་SCཁས་ལེན་དཔང་རྟགས་རག་པའི་ཇའི་ཁེ་ལས་4ཡོད་པ་རེད།
མེ་ཏོག་རྫོང་གིས་ད་དུང་ཇའི་རིག་གནས་སྔོག་འདོན་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཇུག་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། “ཡུལ་སྐོར+”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ། མེ་ཏོག་གི་སྐྱེ་ལྡན་ཇའི་སྤུས་རྟགས་གཏོད་པ་བཅས་བྱས་པས། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་གྱི་སྤུས་རྟགས་འཛུགས་གཏོད་དང་། ཞིང་ལས་ཐོན་རྫས་ལས་སྣོན། ཇ་བཏུངས་ཉམས་ལེན། ཞིང་ལས་ཐོན་རྫས་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི“འཁོར་འབྲེལ་ཧྲིལ་པོའི”ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་ཅིག་ཆགས་ཡོད་པ་རེད།