མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ། འཆར་གཞི་གསར་པ་མཉམ་དུ་བཀོད།
གཞིས་རྩེ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོའི”སྐོར་གྱི་མཐོང་ཐོས།
ཁང་དམར་རྫོང་གིས་2023ལོར་གཏན་འཁེལ་བྱས་པའི་ཁང་དམར་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་དང་། ཤང་དང་གྲོང་རྡལ། ཁེ་ལས། སློབ་གྲྭ དགོན་སྡེ། གྲོང་ཚོ(གྲོང་ལྷན) ཁྱིམ་ཚང་བཅས་74ལ་བྱང་བུ་སྤྲོད་བཞིན་པ།
བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་གིས“གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་བརྒྱད་པར་རྟེན་འབྲེལ་ཞུ་བ་དང“དམངས་ཡོངས་ལུས་སྦྱོང་བྱེད། ང་ཚོ་ཚང་མ་བདེ་ཐང་ཡོང”ཞེས་པའི་སྡེ་ཁུལ་གྱི་ལུས་རྩལ་འགྲན་ཚོགས་གཉེར་ཞིང་། འདི་ནི་བདམས་ཐོན་པས་རྡོ་འགྱོགས་འགྲན་བསྡུར་བྱེད་བཞིན་པ།
ཟླ་6ཚེས་2ཉིན། སྐྱིད་གྲོང་རྫོང་གིས་གཞིས་རྩེ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་བརྒྱད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། འདི་ནི་ལས་དོན་པས་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།
གཞིས་རྩེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས“མི་རིགས་ཀྱི་གསོལ་སྟོན”བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་ལས་བྱེད་པས་མཉམ་དུ་ལོ་སྒྲིལ་འབྲས་ཆན་བཟོ་བཞིན་པ།
བཞད་མཐོང་སྨོན་རྫོང་གི་ཡིག་གཟུགས་དང་། རི་མོ། པར་རྒྱག་བཅས་ཀྱི་འགྲན་བསྡུར་ནང་དཔྱད་འདེམས་པས་བརྩམས་ཆོས་ལ་སྐར་མ་རྒྱག་བཞིན་པ།
ས་སྲོད་མཚམས་སུ། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་སྒོར་གཞས་འཁྲབ་བཞིན་པ།
གཞིས་རྩེ་གྲོང་ཁྱེར་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་འདུས་སྡོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་གྲོང་ཞིག་རེད་ལ། རང་རྒྱལ་གྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཀྱང་རེད། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་སྲོག་རྩ་དང་། གཞིས་རྩེ་གྲོང་ཁྱེར་དར་རྒྱས་གོང་འཕེལ་དང་འཆམ་མཐུན་བརྟན་ལྷིང་ཡོང་བའི“མཚོ་རྟེན་ཀ་བ”ལྟ་བུ་རེད།
2017ལོའི་ཟླ་5ཚེས་17ཉིན། གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་ལོ་རེའི་ཟླ་6པའི་ཚེས་2ཉིན་ནི་གཞིས་རྩེ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར”གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས། ཆེད་དོན་དྲན་གསོའི་ཉིན་མོ་གཏན་འཁེལ་བར་བརྟེན། མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་སོང་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྔར་བས་ལེགས་པ་དང་མྱུར་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་པར་འགན་སྲུང་བརྟན་པོ་བྱས་ཡོད།
བརྗིད་ཆགས་ཉམས་དགའ་བའི་ཇོ་མོ་གླང་མས་གཞིས་རྩེའི་ས་གཞི་ཆེན་པོའི་འགྱུར་ལྡོག་ཆེན་པོའི་དཔང་པོ་བྱེད་པ་དང་། ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་འཆད་བཞིན་ཡོད། འདི་ལོའི་ཟླ་6པའི་ཚེས་2ཉིན། གཞིས་རྩེ་གྲོང་ཁྱེར་གྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ”ཐེངས་བརྒྱད་པ་བསུས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་འཆམ་མཐུན་མཉམ་གནས་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ། “ཕོད་པ་བཞི”ཡི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་བ་དང་། “འཛུགས་གཏོད་བཞི”ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པར་བྱེད་རིང་རྩེར་སོན་གཏོད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་རྩོམ་པ་བཅས་བྱས་ནས་མི་རིགས་ཁག་གི་བུ་ཕྲུག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཡོད།
ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྫོང(ཆུས)ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གཅིག་སྡུད་དྲིལ་བསྒྲགས་དང་། གཏམ་བཤད་འགྲན་བསྡུར། དྲོ་སྐྱིད་སྦྱིན་པའི་འོས་འགན་སྨན་བཅོས་སོགས་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལག་ལེན་པ་དང་། སྐུལ་སྤེལ་བ། སྲུང་སྐྱོང་པ་བཅས་བརྩོན་ལེན་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”པའི་ཐུན་མོང་གི་བསམ་འདུན་མཚོན་པར་བྱས་ནས། མི་རིགས་ཁག་གི་མང་ཚོགས་དབར་གྱི་སྤེལ་རེས་དང་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་གཏོད་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།