མི་རིགས་ཁག་གི་མི་དམངས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་ཕྱིན་པ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་ཤེས་ནན་བཤད་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩི་དགོས་པ་ཁ་གསལ་བཏོན་པ་དང་། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་ལམ་བུ་སྔར་བས་རྒྱ་སྐྱེད་དུ་བཏང་བས། མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་པ་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་ཞིག་བཏོད་ནས་ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད།
མི་རིགས་ཁག་གི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ།
མཐའ་བཞི་རི་བོས་བསྐོར་བའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྐྱོད་སྐབས། གྲལ་སྟར་འགྲིག་པའི་སྡོད་ཁང་རེ་རེ་ལུང་གཞུང་གི་གསེབ་ཏུ་སྐར་ཚོགས་གྲམ་པ་བཞིན་གནས་འདུག
ཡུལ་སྨད་ཤང་ནི་རི་བོ་ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པ་དང་རང་བྱུང་ཆ་རྐྱེན་ཞན་ཙམ་ཡོད། ལོ་30ལྷག་ཙམ་གྱི་གོང་། ལོ་ན་ཕྲ་བའི་སྒྲོལ་དཀར་གྱིས་ཡུལ་སྨད་ཤང་གི་ཤང་ཀྲང་གི་འགན་ཁུར་ནས་ལོ་བཅུ་ཕྲག་ཁ་ཤས་རིང་ཉིན་གཅིག་ལྟར་ཕྱུགས་འཚོ་བ་དང་སྐོར་ཞིབ་བྱས་ཏེ་སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཟིན་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ཡོད།
“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པ་འདི་ནི་སྒྲོལ་དཀར་གྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་བ་དྭངས་མ་དེ་རེད། ད་ལྟའི་ཡུལ་སྨད་དུ་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། སྡོད་ཁང་གྲལ་སྟར་འགྲིག་པ། མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད། སྒྲོལ་དཀར་གྱིས། “འཚོ་བ་ཡག་ཏུ་འགྲོ་དུས། ང་ཚོས་དེ་བས་ཀྱང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཡག་པོ་ཞིག་བྱེད་དགོས། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད། མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ལ་ང་ཚོས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་མི་རིགས་ཁག་གི་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱ་དགོས་པ་ཡིན་ཞེས་ནན་བཤད་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཡུལ་མང་པོ་ཞིག་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ནང་དོན་ཟབ་མོ་དང་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་བསྐྱོན་གནང་ཡོད་པས། ང་ཚོས་དེ་ཉིད་ཁྲིད་སྟོན་དུ་བྱས་ནས་དུས་རབས་གསར་པའི་མི་རིགས་ལས་དོན་གཏིང་ཟབ་ཕྱོགས་སུ་སྐུལ་སྤེལ་གཏོང་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་ཏེ། སྲིད་ཇུས་ཀྱི་འཆར་འགོད་བཟོས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་དགའ་ཞེན་སྔར་བས་ཆེ་རུ་སོང་བ་དང་། སྤོབས་སེམས་སྔར་བས་ཆེ་བ་སྐྱེ་བ། གདེང་ཚོད་སྔར་བས་འཕེལ་བ་བཅས་བྱུང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ།
དབྱར་གཞུང་དུ། ཡུན་ནན་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་གྲོང་རྡལ་སན་ཅཱ་གྲོང་ཚོའི་གྲོང་སྡེ་བར་མའི་སི་མོ་ལཱ་དབའ་རིགས་གྲོང་ཚོར་ཡུལ་སྐོར་བ་མང་པོ་ཕར་འགྲོ་ཚུར་འོང་བྱེད་པ་དང་། ས་ཕྱོགས་གང་ས་ནས་ཡོང་བའི་ཡུལ་སྐོར་བས་དེ་གའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་དང་དམངས་སྲོལ་རིག་གནས་ལ་ཉམས་ལེན་བྱེད་བཞིན་འདུག
“སི་མོ་ལཱ”ནི་དབའ་རིགས་ཀྱི་སྐད་ཡིན་ཞིང་། “བདེ་སྐྱིད་ལྡན་པའི་ས་ཆ”ཞེས་པའི་དོན་ཡིན་མོད། འོན་ཀྱང་། སྔོན་ཆད་དེ་གར“གྲོང་སྡེར་གྲོང་སྡེའི་གཡའ་མེད་པ་དང་། གང་སར་འཇག་རྩྭས་ཁེངས་པ། དབྱར་ཁ་ཆར་ཐིགས་རྒྱག་པ་དང་དགུན་ཁ་གྲང་རླུང་ལྡང་བར་ཞེད་པའི”ས་ཆ་སྐྱོ་པོ་ཞིག་རེད། “ཕྱིས་སུ་སྤྱིལ་ཁང་དག་སོ་ཕག་ཁང་པར་ལེགས་བཅོས་དང་། ཉེན་ཁང་སྒྱུར་བཀོད། སྲོལ་རྒྱུན་གྱི་གྲོང་སྡེར་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བ་སོགས་བརྒྱུད། ང་ཚོ་དབའ་རིགས་མང་ཚོགས་ཡངས་ཤིང་དཀར་ཆ་དོད་ལ་སྐྱིད་སྣང་དོད་པའི་ཁང་པར་སྡོད་རྒྱུ་བྱུང་བ་རེད”ཅེས་ཆིང་ཧྲུའེ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་དང་སན་ཅཱ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཅཱ་ཆིང་གིས་བརྗོད་ཅིང་། ཁོང་གིས་སི་མོ་ལཱ་དབའ་རིགས་གྲོང་ཚོའི་འཕོ་འགྱུར་གྱི་དཔང་པོ་བྱེད་བཞིན་ཡོད། ཁོང་གིས“ཀྲུང་དབྱང་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་འོག ལོ་འདི་དག་རིང་ང་ཚོས་ད་དུང་གྲོང་ཚོར་ཨར་འདམ་ལམ་བཏིང་པ་དང་། འབྲས་ཕབ་ལས་སྣོན་བཟོ་གྲྭ་བཙུགས་པས། གྲོང་མི་ཚོས་སྒོ་འགྲམ་ནས་ཡུལ་སྐོར་ཡོང་འབབ་གསོག་ཐུབ་པ་མ་ཟད། གྲོང་ཚོའི་རྣམ་པའང་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བརྗོད།
སི་མོ་ལཱའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ནི་རྒྱ་ཆེའི་མི་རིགས་ས་ཁུལ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པའི་བསྡུས་རིས་གསོན་ཉམས་དོད་པོ་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང”ཞེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དེ་རྒྱལ་ཡོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་པ་དང་། སྲིད་ཇུས་དང་བྱེད་ཐབས་འདོན་ཚད་དང་རོགས་སྐྱོར་བྱེད་ཤུགས་ནི་སྔར་ན་བྱུང་མྱོང་མེད་པ་ཞིག་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག མི་རིགས་ས་ཁུལ་གྱིས་དམངས་འཚོའི་བདེ་རྩར་དམིགས་པ་དང་། དམངས་འཚོ་ལེགས་སུ་གཏོང་བར་གཞོལ་བ། མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དམངས་འཚོའི་ཞན་ཆ་སེལ་བ་བཅས་བྱས་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་གྲངས་ཉུང་མི་རིགས་འཕེལ་རྒྱས་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་741བཏང་ནས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དང་། མི་རིགས་ཀྱི་གྲོང་སྡེར་སྲུང་སྐྱོང་དང་འཕེལ་རྒྱས། མི་རིགས་ཀྱི་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་དང་མ་དངུལ་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱས་པ་དང་བསྟུན་ནས། མི་རིགས་ས་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་3121ཚང་མ་དབུལ་སྒྲོལ་བྱུང་བ་དང་། མི་རིགས་རང་སྐྱོང་ས་ཁུལ་དུ་གནས་པའི་རྫོང་དབུལ་པོ་420ཚང་མའི་དབུལ་ཞྭ་ཕུད་པ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བསྐྱོད་ཡོད།
མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་གླུ་ལེན་གར་འཁྲབ་དང་། འཚོ་བ་མཉམ་སྐྱེལ། ལས་ཀར་མཉམ་དུ་གཞོལ་བཞིན་ཡོད་པས་ཀྲུང་ཧྭ་མི་རིགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ།
ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་མཐུན་སྒྲིལ་གོང་བུ་གཅིག་གྱུར་དང་ཐུན་མོང་ཐོག་འབད་འབུངས་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་གནས་ཁག་གིས་ཕྲ་བཏབ་པ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་པར་སྐུལ་འདེད་བཏང་ཞིང་། གནས་སྡོད་དང་འཚོ་བ་དང་། ལས་ཀ་དང་སློབ་སྦྱོང་། རིག་གནས་དང་རོལ་རྩེད་སོགས་རྒྱུན་གཏན་གྱི་ལྷུ་ཚིགས་ནས་འགོ་བཙུགས་ཏེ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་མཐུན་རྐྱེན་བསྐྲུན་པས། མི་རིགས་ཁག་གི་མང་ཚོགས་རྣམས་གྲོང་ཁྱེར་ནས་གྲོང་གསེབ་དབར་དང་། ས་ཁོངས་དང་ས་ཁོངས་དབར་གོ་རིམ་ལྡན་པའི་ངང་འགྲོ་རྒྱུག་ཐུབ་ནས། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དེ་བས་ཟབ་ཏུ་དང་རྒྱ་ཆེར་ཕྱིན་ཡོད། མི་རིགས་ཁག་དབར་སེམས་པ་གཅིག་སྡུད་དང་བསམ་པ་གཅིག་ལ་གཅིག་བརྟེན་ཡིན་པས། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་མདུན་སྐྱོད་བྱེད་པའི་བསམ་པའི་འབྲེལ་ཐག་སྟོབས་ཆེན་ཞིག་གྲུབ་ཡོད།
རྒྱལ་ཡོངས་ཀྱི་ས་ཆ་གང་དུ་སོང་ཡང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ཅིང་། མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་འགྲོ་བའི་མི་སེམས་འགུལ་བའི་རྣམ་པ་མཐོང་ཐུབ། ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་ལྕགས་ལམ་དྲ་བའི་ཐོག་ཀུན་ཕན་རང་བཞིན་གྱི་དལ་བགྲོད་མེ་འཁོར་ཆ་བཅུ་ཕྲག་ཤར་གཏོང་ཐུབ་ཅིང་། དེ་དག་གཙོ་བོ་མི་རིགས་ས་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ་ལ་གཏོང་གི་ཡོད་པས། དེས་མི་རིགས་ཁག་གི་མང་ཚོགས་ཕྱིར་ལས་ཀར་སྐྱོད་པ་དང་། སྨན་བཅོས་བྱེད་པ། གཉེན་ཉེ་ཐུག་འཕྲད་དུ་འགྲོ་བ་སོགས་ཀྱི་དགོས་མཁོ་བསྐངས་ཡོད། ཡུན་ནན་ཏ་ལི་ཨེར་ཡོན་རྫོང་ཀྲེང་ཅ་ཀྲོང་དུ་རྒྱ་རིགས་དང་། པའེ་རིགས། དབྱིས་རིགས། བོད་རིགས། འཇང་རིགས། ཏའེ་རིགས། ལི་སུའུ་རིགས་བཅས་མི་རིགས་7གྱི་དུད་ཚང་170ལྷག་ཙམ་གྱི་གྲོང་མི་རྣམས་འཆམ་མཐུན་མཉམ་སྡོད་དང་། མི་རིགས་ཁག་གི་མང་ཚོགས་རྣམས་སྤུན་ཉེ་ལྟར་འཆམ་མཐུན་ཡོད་པ་ལ་སོགས། 2012ལོ་ནས་བཟུང་། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་ཁག་2055ཡོད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སྡེ་ཁུལ། སློབ་གྲྭ་སོགས་སུ་རྒྱ་སྐྱེད་བཏང་ཡོད།
རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་ཞིང་། རིག་གནས་ཀྱི་མོས་སེམས་ནི་མོས་སེམས་ཟབ་ཤོས་དེ་ཡིན། “ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ”གཏིང་ཟབ་སྤེལ་ནས། མི་དམངས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་གོ་བདེ་ལ་ཤེས་སླ་བའི་རྣམ་པ་བརྒྱུད། མི་རིགས་ཁག་གི་རིག་གནས་སྔར་བས་གསར་གཏོད་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པས“དྲུག་གཅིག”སྐབས“སེ་འབྲུའི་རྡོག་བུ། མེས་རྒྱལ་དུ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོ་དང་། “རྒྱལ་དར་ལ་གུས་འདུད་ཞུ་བ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པར་ཞུགས་པ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་རིང་མི་རིགས་ཁག་གི་ཉམས་འགྱུར་ངོམ་སྟོན་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། བརྩེ་སེམས་མཉམ་འདྲེས་བཅས་ཀྱི་གར་སྟེགས་བསྐྲུན་ཡོད། ཉེ་བའི་ལོ་ཤས་རིང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱང་ཇེ་བརྟན་དུ་ཕྱིན་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་གླུ་ལེན་གར་འཁྲབ་དང་། འཚོ་བ་མཉམ་སྐྱེལ། ལས་ཀར་མཉམ་དུ་གཞོལ་བཞིན་ཡོད་པས། ཀྲུང་ཧྭ་མི་རིགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཡོད།
ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་གྲུབ་པ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་མངོན་འགྱུར་ཡོང་ངེས་རེད། རྒྱང་ལམ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་བཙུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་དམིགས་ཚད་ཀྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།