ཕྱི་འབྲེལ་པུས་བསྟན་དོན།
ཀྲུང་ཡོའི་དུས་གཏན་མེ་འཁོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་སྤྲོད་འཁོར་འབྲེལ་སྔར་བས་བརྟན་དུ་གཏོང་གི་ཡིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཟླ་བ་ལྔ་པའི་ནང་ཟླ་རེའི་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཟླ་6ཚེས་19ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ཁག་དང་མུ་མཐུད་ལག་གདང་སྦྲེལ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། གོ་ལ་ཧྲིལ་པོའི་ཐོན་སྤྲོད་འཁོར་འབྲེལ་སྔར་བས་བརྟན་དུ་གཏོང་བར་འགན་ལེན་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
ལིན་ཅན་གྱིས། འདི་ལོ་ཚུན་དུ། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་རྒྱུན་ཆད་མེད་པར་བཏོད་ཡོད། ཟླ་གོང་མར། ཀྲུང་ཡོའི་དུས་གཏན་མེ་འཁོར་1724བཏང་ནས་དངོས་ཟོག་ཚད་ལྡན་སྒམ་ཁྲི་18.6སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་14%དང་13%འཕར་ནས། ཟླ་རེའི་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཟླ་བ་ལྔ་པའི་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཁྲི་9ལས་བརྒལ་བ་བཏང་ནས་ཟོག་ཐང་ཨ་སྒོར་དུང་ཕྱུར་3800ལྷག་ཙམ་ཟིན་པ་དང་། གཟའ་འཁོར་གོང་མར། ཁྲུང་ཆིང་དང་དབྱི་ཝུའུ་ནས་སོ་སོར་བཏང་བའི་ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཀྲུང་གོ་ནས་འཇར་མན་བར་གྱི་སྐྱེལ་འདྲེན་དུས་ཚོད་ཉིན་13ཡས་མས་བར་ཐུང་དུ་གཏོང་ཐུབ་ཅེས་བརྗོད་པ་རེད།
“འུར་འུར་དུ་སྐྱོད་པའི་དུས་གཏན་མེ་འཁོར་རེ་རེར་དངོས་ཟོག་དང་རེ་བས་ཁེངས་ཤིང་། དེས་ཀྲུང་གོ་དང་ཡོ་རོབ་མཉམ་དུ་སྦྲེལ་ནས་འཛམ་གླིང་ལ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་མྱུར་ཚད་དང་གསོན་ཤུགས་མཐོང་དུ་བཅུག་པ་མ་ཟད། ད་དུང་ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་སྒོ་དབྱེ་ཡང་ཚོར་དུ་བཅུག་ཡོད” མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས། འཛམ་གླིང་དངུལ་ཁང་། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་སོགས་རྒྱལ་སྤྱིའི་སྒྲིག་གཞི་ཁག་གིས་ཉེ་ཆར་སྤེལ་བའི་སྙན་ཞུའི་ནང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་ཡོད་པ་རེད། ཟླ་བ་ལྔ་པར། ཀྲུང་གོའི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་8.6%འཕར་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.6གིས་འཕར་ཚད་མགྱོགས་སུ་ཕྱིན་པ་དང་། ཟླ་བ་དང་པོ་ནས་ལྔ་པའི་བར། ཕྱིར་གཏོང་ནང་འདྲེན་གྱི་རིམ་རྩིས་གཞི་ཁྱོན་ཐད་ལོ་རྒྱུས་ཐོག་གི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་ལིན་ཅན་གྱིས་བརྗོད་པ་རེད།