དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རྒྱུན་མཐུད་སྐུལ་འདེད་བཏང་བ།

    སྐྱེ་ཁམས་སླར་གསོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2024-06-20

    ལུང་གཞུང་རིང་མོར་གནས་པའི་ལྷ་ས་གྲོང་ཁྱེར་དུ་ཤང་ཤང་རྒྱུག་པའི་ལྷ་ས་སྐྱིད་ཆུའི་ངོགས་གཉིས་ནི་ལྷོ་རི་དང་བྱང་རི་ཡིན་ལ། ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་གྲོང་མི་མང་པོས་འཆམ་འཆམ་དང་རི་འཛེགས་པར་སྐྱོད་ཀྱི་ཡོད།

    “དེ་སྔ་རི་འདིར་ལྗོན་ཤིང་འཛུགས་ཐུབ་ཡོང་བསམ་པ་མ་བྱུང་། འོན་ཀྱང་ད་ཆ་གནས་འདི་མི་རྣམས་སྤྲོ་གསེང་བྱ་ཡུལ་ཡག་ཤོས་ཤིག་ཏུ་གྱུར་ཡོད་ལ། སྔོན་ཆད་གནས་འདི་ཐང་རྒོད་ཡིན་པ་དང་། ད་ཆ་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་པ་ནི་དངོས་གནས་བསམ་ཡུལ་ལས་འདས་སོང”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་བྱམས་པ་བསོད་ནམས་ཀྱིས་མྱོང་ཚོར་ཟབ་མོས་བཤད།

    འགྱུར་ལྡོག་དེ་ནི་ལས་གྲྭ་ཞིག་ལས་འབྱུང་བ་ཞིག་ཡིན་ཞིང་། 2012ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རིར་ནགས་བཟོ་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་ནས། ལོ་5ཡི་རིང་། ཤིང་འཛུགས་ཀྱི་ལས་ལ་གཞོལ་བ་བརྒྱུད། དེ་སྔའི་ཐང་རྒོད་དེ་ལྷོ་རིའི་སྤྱི་གླིང་དུ་འགྱུར་ཡོད།  2021ལོ་ནས་བཟུང་། བོད་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བྱས་ནས། འཆར་གཞི་ལྟར་ན་ལོ་10ཡི་དུས་ཚོད་ནང་ནགས་ཚལ་མུའུ་ཁྲི་206.72བཏབ་སྟེ་ལྷ་ས་འདི་ཉིད་སྐྱེ་ཁམས་འཚོ་གནས་ལ་འཚམ་པའི་ས་མཐོའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྩིས་ཡོད།

    ལྗོན་ཤིང་ཡག་པོ་གསོན་ཆེད། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་པས་བསམ་བློ་མང་པོ་བཏང་ནས། ཤིང་སྣ་འདེམས་པར་རྒྱང་ཚོར་ལག་རྩལ་སྤྱད་དེ་ས་གནས་དེ་གའི་གནམ་གཤིས་དང་ས་རྒྱུ་སོགས་རང་བྱུང་ཆ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་རྗེས། ཚན་ཞིབ་ཚོགས་པས་ལྷ་སའི་ལྷོ་རི་བྱང་རིའི་བརྒྱུད་དུ་སྐྱེ་བར་འཚམ་པའི་ཤིང་རིགས་དང་རྩྭ་རིགས་བདམས་པ་མ་ཟད། ད་དུང་རིག་ནུས་ཆུ་གྲོན་ཆུང་གི་ཆུ་འདྲེན་སྒྲིག་ཆས་ཀྱང་བསྒར་ཡོད།

    ལྗོན་ཤིང་སྐྱེ་འཚར་ཡག་ལ་སྐྱེ་ཁམས་ཀྱི་ཕན་འབྲས་ཀྱང་རིམ་བཞིན་མངོན་ཞིང་། ནགས་ཚལ་ལ་སྤྱན་གཟིགས་ཀྱི་རིན་ཐང་ལྡན་པ་མ་ཟད། ལྷ་སའི་ལུང་གཞུང་གི་རླུང་འགོག་བྱེ་སྲུང་གི་ལྗང་མདོག་སྲུང་བཅད་ཅིག་ཏུའང་གྱུར་ཡོད།

    2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས་ལས་མངོན་པར། ལོ་དེར་བོད་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་7.83དོན་འཁྱོལ་བྱས་པ་དང་། སྐྱེ་ཁམས་སླར་གསོ་དང་སྦགས་བཙོག་འགོག་བཅོས་རྣམ་གྲངས་34ལག་ལེན་བསྟར་བ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་སོགས་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་བྱས་ནས། ནགས་ཚལ་མུའུ་ཁྲི་120བཏབ་པ་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་614སླར་གསོ་བཅོས་སྐྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།